མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུགས་འཕྲད་ནང་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་12ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུགས་འཕྲད་ནང་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུགས་འཕྲད་ཐེངས་བདུན་པ་ཨུ་རུ་སུའི་ཨུ་ཧྥ་རུ་བྱས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་བཅས་ཕེབས་ཡོད་པ་རེད། རྒྱལ་ཁབ་ལྔ་ཡི་འགོ་ཁྲིད་མི་སྣས“འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བའི”བརྗོད་བྱ་གཙོ་བོར་དམིགས་ཏེ་མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གནང་བར་བརྟེན་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བའི་ཐོག་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད།
         ཞིས་ཅིན་ཕིང་གིས་《རོགས་ཟླའི་འབྲེལ་བ་མཉམ་དུ་གཏོད། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་》ཞེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གསུང་བཤད་གནང་བའི་ཐོག་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རིམ་ལ་ཕྱོགས་སྡོམ་གནང་བ་མ་ཟད། འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་ཐད་འབད་འཐབ་ཁ་ཕྱོགས་བཏོན་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ལོ་དྲུག་ནང་འབོ་གསེར་རྒྱལ་ཁབ་ཀྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ཡོད། ང་ཚོས་སྒོ་དབྱེ་དང་། ཁོང་ཡངས། མཉམ་ལས། གཉིས་ཕན་བཅས་ཀྱི་སྙིང་སྟོབས་ལ་གཞིགས་ནས་འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད། མིག་སྔར་འབོ་གསེར་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་འགྲན་སློང་ཁ་ཤས་འཕྲད་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་འཕར་བའི་འཕེལ་ཕྱོགས་ལ་འགྱུར་ལྡོག་འགྲོ་མི་སྲིད། ང་ཚོས་འབོར་གསེར་མཉམ་ལས་ལམ་སྲོལ་གྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པར་གཤམ་གསལ་གྱི་ཕྱོགས་ཁག་ཐད་འབད་བརྩོན་བྱེད་དགོས་པ་སྟེ།
         གཅིག་ནས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་རོགས་ཟླའི་འབྲེལ་བ་འཛུགས་དགོས་པ་དང་། གཉིས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རོགས་ཟླའི་འབྲེལ་བ་འཛུགས་དགོས་པ། གསུམ་ནས་སྣ་མང་ཤེས་དཔལ་དར་སྤེལ་གཏོང་བའི་རོགས་ཟླའི་འབྲེལ་བ་འཛུགས་དགོས་པ། བཞི་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རོགས་ཟླའི་འབྲེལ་བ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།