མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་02ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་ཕ་རི་སིར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་སྟེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་ཟབ་མོ་གནང་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་མོས་མཐུན་གནང་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྱི་དུས་བབ་འོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པའི་ཁ་ཕྱོགས་ཡང་དག་ལ་སྟངས་འཛིན་ནན་པོ་བྱས་ཏེ་གདོང་ཐུག་མེད་པ་དང་ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་ཀྱི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་སྤེལ་རེས་ཀྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུ་དང་ཆབས་ཅིག དགེ་མཚན་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་འགལ་བ་དང་ཚོར་སྣང་སྐྱེན་པའི་གནད་དོན་ལ་དོ་དམ་དང་ཚོད་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་སྲིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོང་དང་སྐུལ་མ་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ལམ་སྲོལ་རང་བཞིན་གྱི་གླེང་མོལ་དང་གྲོས་མོལ་ལ་འཆར་འགོད་ཡག་པོ་བྱ་རྒྱུ་མ་ཟད། སྔར་བས་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་འཐོབ་རྒྱུར་འགན་ལེན་བྱེད་དགོས། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཞན་པའི་གནས་ཚུལ་འོག རྒྱལ་ཁབ་ཁག་གིས་བརྟན་པོའི་ངང་འཕར་རྒྱུར་མཐོང་ཆེན་དང་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། སྒོ་དབྱེ་དང་། མངོན་གསལ། དཀྱེལ་ཡངས་བཅས་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་ཀྱིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བརྒྱབ་སྟེ་སྔ་ཙམ་ནས་ཕྱོགས་མང་མ་དངུལ་གཏོང་བའི་གྲོས་ཆོད་གྲོས་མོལ་ལེགས་འགྲུབ་ཡོང་རྒྱུར་བརྩོན་ལེན་གྱིས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཏུ་མ་དངུལ་གཏོང་བར་བསྐྱོད་རྒྱུར་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་དགོས། དེང་སྐབས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་བ་མང་ཁར། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་འགྲན་སློང་རབ་དང་རིམ་པར་ཕྲད་ཡོད་པར་བརྟེན། ཀྲུང་གོ་དང་ཨ་རིས་འཐབ་ཇུས་འབྲེལ་གཏུག་དང་གཞོགས་འདེགས་ལ་ཤུགས་བརྒྱབ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཆེན་པོ་ཐག་གཅོད་འོས་འཚམ་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་འོས་འཚམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐའེ་དབན་གྱི་གནད་དོན་སྐོར་ལ་ཞིས་ཅིན་ཕིང་གིས་བསྟན་དོན། ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རིའི་ཐུན་མོང་གི་ཁེ་ཕན་དང་འཚམ་ཡོད། ཨ་རི་ཕྱོགས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་མཚོ་འགག་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། དྲ་བའི་གནད་དོན་གྱི་སྐོར་ལ་ཞིས་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་མདུན་སྐྱོད་ངང་ལྷག་བསམ་ཟོལ་མེད་སྒོ་ནས་འབྲེལ་ཡོད་གླེང་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་མཉམ་དུ་གཏོད་རྒྱུར་སྐུལ་མ་གཏོང་དགོས། ང་ཚོས་ཀྱང་ཨ་རི་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་རྒྱུར་སྐུལ་མ་བཏང་ནས་ཞི་བདེ་དང་། བདེ་འཇགས། ཕྱི་གསལ་ནང་གསལ་བཅས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་མཉམ་དུ་གཏོད་དགོས།

  
2015-12-02 2015-12-02 2015-12-01 2015-11-30 2015-11-30