མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་24ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས་པ།

             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོ། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། 
             མི་དམངས་ཚོགས་ཁང་ཆེ་མོའི་ཚོགས་རའི་རྣམ་པ་རྔམ་བརྗིད་ལྡན་ལ་འཁྲུག་ཆ་དོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་མདུན་ངོས་སུ“ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ”ཞེས་པའི་ཚོགས་འདུའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དབུས་སུ་ཀྲུང་གོ་བཟོ་ཚོགས་དང་ཀྲུང་གོའི་བཟོ་པའི་གྲལ་རིམ་མཐུན་སྒྲིལ་གཅིག་གྱུར་མཚོན་པའི་བཟོ་ཚོགས་ཀྱི་ཚོགས་རྟགས་འོད་མདངས་རབ་ཏུ་འཕྲོ་ཞིང་། གཞོགས་གཉིས་སུ་དམར་མདངས་བཀྲ་བའི་དར་དམར་བཅུ་བསྒྲིགས་ཡོད་པ་རེད། ཐོག་སོ་གཉིས་པའི་རྒྱང་གཟིགས་སྟེགས་བུའི་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལས་བཟོ་དུང་ཕྱུར་མང་པོར་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཚིག་ཆེན་པོ་བསྐལ་ཡོད་པ་རེད། 
             ལས་བཟོ་དུང་ཕྱུར་མང་པོའི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བཞིན་རྒྱལ་ཡོངས་ལས་རིགས་ཁག་ནས་ཕེབས་པའི་ཀྲུང་གོའི་རྒྱལ་ཡོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་འཐུས་མི་2000ལྷག་ཙམ་དང་ཆེད་མངགས་གདན་ཞུས་འཐུས་མི་བརྒྱ་ཙམ་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ཡོད་པ་རེད། 
          སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། 
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་ཚང་མས་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད། 
         ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས《དུས་རབས་གསར་པར་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱེད》ཅེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་རྒྱལ་ཡོངས་མི་རིགས་ཁག་གི་ལས་བཟོ་དང་བཟོ་ཚོགས་ཀྱི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། 
          ཝང་ཧུའུ་ཉིང་གིས་ཤིས་ཚིག་གསུང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཚད་མཐོའི་བདག་པོའི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་ཧུར་ཐག་ཞུགས་ཡོད། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཚུན། རིམ་ཁག་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ལས་བཟོས་བྱས་རྗེས་འཇོག་པར་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། བཟོ་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་བཅས་བྱས་པས། ལས་དོན་ཁག་ལ་འཕེལ་རྒྱས་གལ་ཆེན་བྱུང་ཡོད་ལ། བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ཅེས་གསུངས། 
        ཝང་ཧུའུ་ཉིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པར་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གསར་གཏོད་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་ཐུན་མོང་གི་ལས་འགན་ཞིག་ཡིན་ལ་དེ་བས་ཀྱང་རང་རྒྱལ་བཟོ་པའི་གྲལ་རིམ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ངལ་རྩོལ་གྱི་སྤྲོ་སེམས་འཕེལ་བ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པ། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་བ་བཅས་བྱས་ནས་དུས་རབས་གསར་པའི་འབད་འཐབ་པའི་གླུ་དབྱངས་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས། 
         གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་རྣམ་གཉིས་ཀྱིས་སྔ་རྗེས་སུ་མི་དམངས་ཚོགས་པ་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་པ་རེད།
         ཝང་ཏུང་མིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལས་བཟོ་དུང་ཕྱུར་མང་པོར་མཐུན་སྒྲིལ་སྐུལ་སློང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་ཆེད་འབད་འཐབ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་ཁག་གསུམ་ལ་ཕྱེ་ཡོད་པ་སྟེ། འདས་ཟིན་པའི་ལོ་ལྔའི་བཟོ་ཚོགས་ལས་དོན་གྱི་གཙོ་གནད་གྲུབ་འབྲས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། སླད་ཕྱིན་ལོ་ལྔའི་བཟོ་ཚོགས་ལས་དོན་གྱི་ལས་འགན་གཙོ་བོ་བཅས་རེད།
         ཚོགས་ཆེན་ཐོག་ཡིག་ཐོག་སྙན་ཞུའི་རྣམ་པར་བརྟེན་ནས་འཐུས་མི་ཚོར《ཀྲུང་གོའི་བཟོ་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》དང་། 《ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ནོར་དོན་ལས་དོན་སྙན་ཞུ》 《ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་དྲུག་པའི་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ》བཅས་གྲོས་ཞིབ་གནང་རྒྱུར་ཕུལ་བ་རེད།

༄༅།།ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས་པ།

  
style="display:none;"