མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ་དང་གྲོས་མོལ་གནང་བ།

     ཟླ་7ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ལ་ཏེ་ཕུའུ་སྟངས་དཔྱལ་དང་ལྷན་ཞུགས་སྐུ་པར་སྒྲོན་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱེད་རྒྱུའི་གཏན་འཁེལ་མགྲིན་གཅིག་ཏུ་གནང་བ་རེད།
     ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་ཐུབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱེད་རྒྱུ་འགོ་འཛུགས་ས་གསར་པར་བརྩིས་ནས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཚོད་བགམ་ལ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་ཀྲུང་པུར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ནང་དོན་གསར་པ་སྣོན་ཆེད་དང་ཀྲུང་པུར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆེད་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་ཏེ་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སོགས་ཐད་ཀྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་དབར་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་དུས་བབ་ལ་གཅིག་མཚུངས་སམ་འདྲ་བའི་ལྟ་སྟངས་མང་པོ་འཛིན་རྒྱུ་ཡོད་པས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། པུར་ཀ་རི་ཡ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་སྲིད་གཞུང་དབར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་སྔ་ཤོས་ཀྱི་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ལ་ཏེ་ཕུའུ་ཡིས་པུར་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། པུར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་དེ་བས་བརྟན་དུ་གཏོང་ཐུབ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་ཕན་པ་ཡོད། པུར་ཀ་རི་ཡ་ཕྱོགས་ཀྱིས་དེའི་ནང་ཧུར་ཐག་ཞུགས་ཏེ་རང་ངོས་ཁུལ་གནས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་ཡོ་རོབ་དང་ཨེ་ཤེ་ཡ་སྦྲེལ་མཐུད་ཀྱི་སྒོ་མོ་དང་ལྟེ་བ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། སྐྱེལ་འདྲེན། མཁའ་འགྲུལ། ཟོག་འགྲེམས། དངུལ་རྩ། གསར་གཏོད། ས་གནས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་པུར་ཀ་རི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"