མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་04ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་གྲོས་མོལ་གནང་བ།

     ཟླ་7ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཨེའར་ཏོ་ཨན་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐུར་ཁེ་གཉིས་པོ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས་ཕྱོགས་གཉིས་པོའི་དབར་གྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཐད་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། བདག་དབང་དང་། རང་བཙན། དེ་བཞིན་མངའ་ཁོངས་ས་ཆ་ཆ་ཚང་བཅས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་པོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ཕན་ཚུན་བརྩི་འཇོག་བྱེད་པ། ཀྲུང་ཐུར་དབར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། བྱ་སྤྱོད་ཏན་ཏིག་སྤེལ་ཏེ་འཇིགས་སྐུལ་ལ་ངོ་རྒོལ་གྱི་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཏོགས་གང་ཞིག་ཡིན་རུང་ཐུར་ཁེར་ཀྲུང་གོར་ངོ་རྒོལ་གྱི་ཁ་ཕྲལ་བྱེད་སྤྱོད་སྤེལ་མི་ཆོག་ཅེས་སྐུ་ཞབས་ཙུང་ཐུང་ཕྱོགས་ནས་བསྐྱར་སྒྲོག་ཐེངས་མང་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཐུར་ཁེ་ཕྱོགས་ནས་ནན་བཤད་ཐེངས་མང་གནང་བར་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཐུར་ཁེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་གྱི་ཁྱབ་ཁོངས་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཐུར་ཁེ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“དབུས་ཀྱི་བར་ཁྱམས”འཆར་གཞིའི་དབར་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་ཚོང་དོན་དང་། མ་འཇོག ཚན་རྩལ། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། དེ་བཞིན་རྣམ་གྲངས་གལ་ཆེན་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་འདོད་ཡོད་ལ། ཁེ་ལས་འབྲིང་ཆུང་དང་དམངས་ཕན་རྣམ་གྲངས་ཐད་མཉམ་ལས་ཧུར་ཐག་བྱས་ནས་ཁེ་ལས་དང་དམངས་ཚོགས་དེ་བས་མང་བར་ཀྲུང་ཐུར་གྱི་མཉམ་ལས་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་བྱེད་འདོད་ཀྱང་ཡོད། མི་ཆོས་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་མུ་མཐུད་བྱེད་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཐུར་མཛའ་གྲོགས་ཀྱི་དམངས་འདུན་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཨེའར་ཏོ་ཨན་གྱིས་ལོ་ངོ་སྟོང་གི་གནའ་བོའི་དར་གོས་ལམ་བུས་སྦྲེལ་མཐུད་བྱས་པའི་ཐུར་ཀྲུང་གི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ད་ཆ་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད། ཤིན་ཏུ་ཟབ་པའི་ཐུར་ཀྲུང་དབར་གྱི་འབྲེལ་བ་དེ་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཐུར་ཁེས་ཐུར་ཁེ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། ཐུར་ཁེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་དང་ལེན་ཞུ་རྒྱུ་ཡིན། ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་རྣམས་ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་འགྲོ་བཞིན་པའི་ཁྲོད་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་ནི་དོན་དངོས་ཤིག་རེད། ཐུར་ཁེ་ཕྱོགས་ཀྱིས་མི་སུ་ཞིག་གིས་ཀྱང་ཐུར་ཀྲུང་གི་འབྲེལ་བར་དབྱེན་སྦྱོར་བྱེད་དུ་འཇུག་གི་མིན། ཐུར་ཁེས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཐུར་ཀྲུང་དབར་གྱི་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། ཐུར་ཁེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཚོང་དོན་དང་། མ་འཇོག དངུལ་རྩ། ནུས་རྒྱུ། རླངས་འཁོར་བཟོ་སྐྲུན། རྨང་གཞིའི་སྒྲིག་བཀོད། སྒུལ་བདེའི་འཕྲིན་གཏོང་རབས་ལྔ་པ། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་། རིག་གནས། ཚན་ཞིབ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"