མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྨང་གཞིའི་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལ་མཆན་བཀོད་མཛུབ་སྟོན་
གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་31ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྨང་གཞིའི་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང་། རྨང་གཞིའི་སློབ་གསོ་ནི་མི་ཚང་མ་དང་འབྲེལ་བ་ཡོད་པས་རྒྱལ་དམངས་ཀྱི་བྱང་ཚད་མཐོར་གཏོང་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་སྤུས་ཚད་མཐོར་གཏོང་དང་གཞུང་དྲང་སྐུལ་སྤེལ་ཐད་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་ནས་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྨང་གཞིའི་སློབ་གསོ་ཡག་པོ་གཉེར་རྒྱུར་འབད་བརྩོན་བྱེད་དགོས། སློབ་གསོའི་མ་དངུལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ས་ཁུལ་དབུལ་པོའི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་གནས་ཁག་གཅིག་གི“སློབ་གྲྭར་སྐྱོད་དཀའ་བ”དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་སློབ་མཚམས་ཆད་པ་སོགས་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་པ། གྲོང་ཁྱེར་གྱི་ལས་མིའི་མཉམ་སྤོས་བུ་ཕྲུག་ལ་འོས་འགན་སློབ་གསོ་ཐོབ་པའི་འགན་ལེན་བཅས་བྱས་ཏེ་འགོ་འཛུགས་ས་དྲང་སྙོམས་ཡོང་བར་བྱེད་དགོས། ཐབས་ལམ་མང་པོ་བརྒྱུད་ནས་སློབ་ཞུགས་གོང་གི་སློབ་གསོ་ཡག་པོ་གཉེར་ཏེ“བུ་བཅོལ་ཁང་དུ་ཞུགས་དཀའ་བའི”གནད་དོན་ཐག་གཅོད་ལ་མཐོང་ཆེན་བྱེད་དགོས། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲ་སྦྲེལ་དང་སློབ་གསོ་ཟུང་འབྲེལ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་སློབ་མ་དེ་བས་མང་པོས་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་ཐུབ་པར་བྱེད་དགོས། སློབ་གྲྭའི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཀུན་གསལ་བདེ་འཇགས་དང་ཁྱིམ་བདག་བློ་བདེ་བའི་སློབ་གྲྭའི་ཁོར་ཡུག་བཏོད་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས། འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཆ་ཆད་ལྷག་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་རྨང་གཞིའི་སློབ་གསོར་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཏེ་མ་འོངས་ཀྱི་རེ་བར་མཉམ་དུ་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།
     ཟླ་7ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་རྨང་གཞིའི་སློབ་གསོའི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ནས་ཁྱབ་གདལ་ཆུ་ཚད་སྲ་བརྟན་དང་མཐོ་རུ་བཏང་བའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"