མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་དབུན་མེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་20ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པི་ཏུའུ་རུ་འབར་མའི་ཙུང་ཐུང་དབུན་མེ་དང་གྲོས་མོལ་གནང་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པི་ཏུའུ་རུ་འབར་མའི་ཙུང་ཐུང་དབུན་མེ་དང་གྲོས་མོལ་གནང་བཞིན་པ།

      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་པི་ཏུའུ་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པི་ཏུའུ་རུ་འབར་མའི་ཙུང་ཐུང་དབུན་མེ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་དེ་རིང་ནི་ཀྲུང་གོའི་ལུགས་རྙིང་ལོའི“ལོ་ཆུང”ཡིན་པ་དང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་འབར་མ་སྲིད་གཞུང་དང་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ངས་ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་སུ་འབར་མ་འདི་ཉིད་ལོ་གསར་པའི་འཚམས་འདྲིའི་རྒྱལ་ཁབ་ཨང་དང་པོར་བརྩིས་པ་དེ་ཐོག་ནས་ཀྲུང་འབར་དབར་གྱི་སྤུན་ཟླའི་བརྩེ་སེམས་དང་ཀྲུང་འབར་གྱི་འབྲེལ་བ་གཏིང་ཟབ་ཏུ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་མཚོན་ཡོད། ངའི་རེ་བར་ད་རེས་ཀྱི་འཚམས་འདྲི་བརྒྱུད་ཆ་འཕྲིན་གསུམ་གསལ་སྟོན་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་འབར་མ་སྲིད་གཞུང་དང་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། གཉིས་ནས་ཀྲུང་འབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མ་ཟད་ཀྲུང་འབར་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མཉམ་དུ་གཞོལ་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་དང་གསོན་ཤུགས་གསར་པ་བསྣན་རྒྱུ། གསུམ་ནས་ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་འབར་མ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་མ་ཐག་ཡིན། ལོ་ངོ་70ཡི་རིང་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་བ་དང་། ཀྲུང་གོ་མི་དམངས་ཀྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་གྲུབ་འབྲས་ཐོབ་པ་ཞིག་ཡིན་པས་ང་ཚོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་འགྲོ་ལམ་དེའི་ཐོག་བསྐྱོད་རྒྱུ་ཡིན། ཀྲུང་གོའི་མ་འོངས་ཐད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་དང་བཙན་པོ་དབང་ཡོད་ནམ་ཡང་མི་བྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན། དེར་བརྟེན་ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཐོག་གནས་པའི་རྒྱལ་ཁབ་ཁག་འཆམ་མཐུན་མཉམ་གནས་དང་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་བྱེད་ཀྱི་ཡོད།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དང་ཐོག་ཉེ་འཁོར་རྒྱལ་ཁབ་ནས་འགོ་བཙུགས་ཏེ་ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་དང་། བདེ་འཇགས། ཕྱུག་འགྱུར་བཅས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     དབུན་མེས་འབར་མའི་སྲིད་གཞུང་དང་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ད་ཐེངས་ཀྱི་འཚམས་འདྲི་འདི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཏུ་འགྱུར་ནས་འབར་ཀྲུང་འབྲེལ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། དབུན་མེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་འབར་མ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་དེ་བས་མང་བ་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གིས་འབར་མའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང། དབུལ་སྒྲོལ་ཕྱུག་འགྱུར་བཅས་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཀྱང་ཡོད། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་རུའོ་ཁའེ་པང་སོགས་ཀྱི་གནད་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་འབར་མ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་རྒྱལ་ནང་ཞི་བདེ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བསྔགས་བརྗོད་བྱ་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོས་ཤང་ཀང་དང་ཨའོ་མོན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་ལེན་བསྟར་བར་བརྩི་བཀུར་ཞུ་རྒྱུ་མ་ཟད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 

  
style="display:none;"