མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུ་སྲིད་སྐྱོང་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་
བརྒྱད་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་25ཉིན། 19:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཀྲུང་ཨུ་སྲིད་སྐྱོང་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བརྒྱད་པ་བརྙན་ལམ་ཐོག་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཕྲན་གྱི་ཙུང་ཐུང་ཕུའུ་ཅིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ཚབས་ཆེན་ཐོན་ཚུན་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ལྟ་རེས་སྐྱོང་རེས་དང་། ཕྱར་བ་གྲུ་འདེགས། དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་བྱས་ཏེ་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་གྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་འཐབ་ཇུས་ཀྱི་ནང་དོན་གསར་པ་བསྣན་པ་དེ་ཐོག་ནས་ཀྲུང་ཨུ་མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་པ་མ་ཟད། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་ཡང་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དེས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། རྒྱལ་ཁབ་ཁག་གིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་ཀྱིས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ་སླར་ཡང་གསལ་བཤད་བྱུང་ཡོད། འགན་འཁྲི་འཁུར་མཁན་གྱི་འཛམ་གླིང་གི་རྒྱལ་ཁབ་ཆེ་མོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མུ་མཐུད་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལག་གདང་དཔུང་སྦྲེལ་གྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་པའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྲིད་སྐྱོང་ཏང་གི་ལམ་སྲོལ་ཅན་གྱི་སྤེལ་རེས་མཉམ་ལས་ནི་ཀྲུང་ཨུའི་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་ལས་སྟེགས་དང་ཐབས་ལམ་གལ་ཆེན་ཞིག་རེད། ཏང་གཉིས་པོའི་འཐུས་མིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གང་ལེགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
   ཕུའུ་ཅིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཨུ་ཀྲུང་གི་འབྲེལ་བ་སྔར་བྱུང་མ་མྱོང་བའི་ཆུ་ཚད་མཐོ་པོར་སླེབས་ནས་དེང་དུས་འཛམ་གླིང་རྒྱལ་ཁབ་དབར་མཉམ་ལས་བྱེད་མཁན་རྒྱལ་ཁབ་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཕྱོགས་གཉིས་པོས་ས་ཁུལ་དང་གོ་ལ་ཧྲིལ་པོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ཨུ་ཀྲུང་སྲིད་སྐྱོང་ཏང་གི་གླེང་མོལ་ནི་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། གཅིག་གྱུར་ཨུ་རུ་སུ་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གིས་དུས་བཀག་ལྟར་ཉམས་མྱོང་སྤེལ་རེས་བྱས་ཏེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བཏང་བ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་རྒྱང་བསྟེན་སྤེལ་རེས་ཀྱི་རྣམ་པ་གསར་པའི་ཐོག་ནས་འབྲེལ་ཡོད་མཉམ་ལས་ལའང་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་ལས་ཕུན་སུམ་ཚོགས་ལ་ཕན་འབྲས་ཆེ་བའི་གྲོས་བསྡུར་བྱས་ཏེ་བསམ་བློ་གསར་པ་དང་གྲོས་འགོ་གསར་པ་བཏོན་ནས་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་རོགས་ཟླའི་འབྲེལ་བ་སྔར་བས་བརྟན་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"