མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས《དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཆིངས》ལ་མིང་
རྟགས་བཀོད་ནས་ལོ་60འཁོར་བའི་དྲན་གསོའི་བྱེད་སྒོའི་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས《དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཆིངས》ལ་མིང་རྟགས་བཀོད་ནས་ལོ་60འཁོར་བའི་དྲན་གསོའི་བྱེད་སྒོའི་ཐོག་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ་རེད།
    ལི་ཁེ་ཆང་གིས། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་དང་མཐུན་སྦྱོར་བྱེད་པར་གཞོལ་ནས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། འདི་ལོ་ནི་ཀྲུང་གོ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་དབར་སྲིད་ཇུས་གླེང་མོལ་གྱི་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་ལོ་ཞིག་རེད། ལོ་25ཡི་རིང་ཀྲུང་གོའི་འཕེལ་རྒྱས་དང་བསྟུན་ནས་ཕྱོགས་གཉིས་པོས་རྣམ་པ་སྣ་ཚོགས་དང་ཕྱོགས་གཉིས་ཀར་ཕན་པའི་སྤེལ་རེས་མཉམ་ལས་བྱས་ཡོད་ཅེས་གསུངས་པ་རེད།
    ལི་ཁེ་ཆང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཉིས་ཀ་འགག་རྩའི་མཚམས་ཚིགས་སུ་གནས་ཡོད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་མགྱོགས་མྱུར་འཕོ་འགྱུར་བྱུང་བས་དཔལ་འབྱོར་གོ་ལ་ཅན་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་དགོས་ངེས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་དཔལ་འབྱོར་གྱི་བྱེད་ཐབས་སྤྱད་ནས་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཡོང་བ་བྱེད་པར་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གཞིས་ཆེན་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕྲད་པའི་དཀའ་ངལ་སེལ་བ་བཅས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སྔ་ཙམ་བརྟན་པོའི་ངང་སླར་གསོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས། རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ཁ་གཏད་གཅོག་ཐབས་རབ་དང་རིམ་པ་སྤྱད་པས། རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། ལས་ཞུགས་དང་དཔལ་འབྱོར་གྱི་གཞི་རྩ་བརྟན་དུ་ཕྱིན་ནས་ཀྲུང་གོའི་དཔལ་འབྱོར་ལོ་ཧྲིལ་པོའི་ནང་འཕར་བའི་གདེང་ཚོད་ཡོད། ང་ཚོས་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་གིས་གཞིས་ཆེན་སྙོམས་སྒྲིག་བྱས་པ་བརྒྱུད། ཁྲོམ་ར་དང་མཉམ་དུ་འབད་བརྩོན་བྱས་ཏེ། གཞིས་ཆེན་སྲིད་ཇུས་ཀྱི་མུ་འབྲེལ་རང་བཞིན་དང་། ནུས་ལྡན་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཁུལ་དུ་རྒྱུན་འཁྱོངས་ཡོང་གང་ཐུབ་བྱེད་པ། བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
   ལི་ཁེ་ཆང་གིས། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས། འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། ང་ཚོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པ་བྱེད་པ་དང་འབྲེལ། གཉིས་ཕན་གཉིས་ཁེ་དེ་བས་ཡག་པོ་ཡོང་བ་བྱེད་འདོད་ཡོད། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་མུ་མཐུད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། “སྲིད་ཇུས་དེ་བས་ལེགས་པ་དང་འཚོ་བ་དེ་བས་ཡག་པའི”དམིགས་ཡུལ་གཞིར་བཟུང་། འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"