མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་03ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་2ཚེས་1ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཞི་ཅིན་ཕིང་དང་། དབང་དབྱང་། ཧན་ཀྲེང་སོགས་ཀྱིས་ཏང་ཕྱིའི་མི་སྣ་དང་དགའ་སྤྲོའི་ངང་མཉམ་འཛོམས་གནང་ནས་བཀྲ་ཤིས་དུས་ཆེན་ལྷན་དུ་བསུ་བཞིན་པ།

འདི་ནི་ཟླ་2ཚེས་1ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཞི་ཅིན་ཕིང་དང་། དབང་དབྱང་། ཧན་ཀྲེང་སོགས་ཀྱིས་ཏང་ཕྱིའི་མི་སྣ་དང་དགའ་སྤྲོའི་ངང་མཉམ་འཛོམས་གནང་ནས་བཀྲ་ཤིས་དུས་ཆེན་ལྷན་དུ་བསུ་བཞིན་པ།

    ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་ པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།
   དབང་དབྱང་དང་ཧན་ཀྲེང་ཚོགས་འདུར་ཕེབས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཚེས་1ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་དགའ་སྤྲོའི་ངང་ལྷན་འཛོམས་གནང་ནས་བཀྲ་ཤིས་དུས་ཆེན་བསུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད་པ་རེད།
   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཁྲེན་ཕིང་ཡོན་དང་ཡེ་ཞའོ་ཀང་སོགས་གདན་ཞུས་ལྟར་ཚོགས་འདུར་ཕེབས་ཡོད་པ་རེད། གདན་ཞུས་ལྟར་ཚོགས་འདུར་ཕེབས་མཁན་གྲས་སུ་ད་དུང་འགོ་ཁྲིད་ཀྱི་ལས་གནས་ནས་རྒན་ཡོལ་ཞུས་པའི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།
    དབན་ཨེ་ཤང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས་2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན་མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འགོད་ཆོག་པ་བཅས་ཀྱི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད། ལོ་གསར་པར་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་བྱས་ནས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསལ་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
   དབན་ཨེ་ཤང་གི་ཤིས་ཚིག་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་ལས་འགན་དང་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་གི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་བསུ་བཞིན་མདུན་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱིའི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུར་སྤྱི་འདོམས། “བརྟན་པོ་དྲུག”གི་ལས་དོན་དམ་འཛིན་ཡག་པོ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་བླངས་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་ཐད་ཆག་པ་ནས་འཕར་བའི་རྣམ་པ་ཐོན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། “ལོ་ལྔ་ཚན་བཅུ་གསུམ་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་བཏིང་བ་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་རེད་ལ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀུན་སེམས་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། ལོ་གཅིག་རིང་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱས་པ་དང་། དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་པར་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་བརྟེན་གྲུབ་འབྲས་གསར་པ་ཐོབ་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལངས་པ། མཉམ་དུ་ལས་དོན་སྒྲུབ་པ། ཕྱར་བ་གྲུ་འདེགས། གཅིག་སེམས་གཅིག་གཏད་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཐབས་ཤེས་འདོན་པ་དང་བྱེད་ཐབས་འཚོལ་རོགས་བྱས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་འདོན་ཆེད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཞུགས་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་མངོན་ཡོད། ཚང་མས་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ་བྱེད་ཐབས་སྣ་ཚོགས་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་ཐད་དམངས་གཙོའི་ལྟ་སྐུལ་གཏིང་ཟབ་བྱས་ནས་ཁ་གཏད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོ་དེ་ཡིན་ལ། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཀྱང་ཞུ་རྒྱུ་རེད། ཚང་མས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་སྐྱིད་སྡུག་མཉམ་མྱོང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མངོན་པར་བྱེད་པ་དང་། རྒྱ་ཆེའི་ཁོངས་མི་ཚོས་གཟི་བརྗིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དམིགས་པ། ཐབས་འདོན་སྲིད་སྐྱོང་ཧུར་ཐག་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་དང་དཀའ་ངལ་ལ་མི་འཛེམས་པའི་སྙིང་སྟོབས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་མང་མཉམ་ལས་བྱ་གཞག་གི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད།
   ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་འཆང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གིས་ཏང་མང་མཉམ་ལས་ཀྱི་བྱ་གཞག་ཐད་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་བླངས་ཏེ། ལས་དོན་ཞིབ་འཇུག་འཆར་འགོད་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་། རིགས་པའི་གཞུང་ལུགས་ཀྱི་ཚུགས་གནས། དུས་རབས་ཀྱི་ཚུགས་གནས་བཅས་མཐོ་རུ་གཏོང་བ་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། རང་འགན་ཐེག་པ་འཁུར་ལེན་ཕོད་པར་བྱེད་པ། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་དཔོན་ཡག་པོ་དང་། རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མངོན་སུམ་མྱོང་བརྒྱུད་བ་དང་། ལག་བསྟར་བ། སྲུང་སྐྱོང་བ་བཅས་བྱེད་དགོས། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། འགལ་ཟླ་སེལ་བ། བསམ་འཆར་འདོན་པ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་དེ་བས་ལེགས་པའི་ངང་སེམས་ནུས་གཅིག་སྒྲིལ་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རང་རྒྱལ་གྱི་འབྱུང་འགྱུར་གྱི་ལོ་5དང་དེ་བཞིན་ལོ་15ཡི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཚང་མས་མཁས་མང་མཉམ་འཛོམས་དང་བློ་གྲོས་གཅིག་འདུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཐབ་ཇུས་རང་བཞིན་དང་གཞི་ཆེན་རང་བཞིན་གྱི་ཞིབ་འཇུག་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་ལ་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་ཇུས་གཞི་དང་གྲོས་འགོ་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དཔྱད་གཞིར་བཟུང་ནས། ཆེད་དོན་དམངས་གཙོའི་ལྟ་སྐུལ་ལས་དོན་གསར་པ་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ཏེ། འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣའི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གིས་འདི་ལོ་ཏང་ཡོངས་སུ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཏེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱ་རྒྱུའི་གཏན་འབེབས་བྱས་ཡོད། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱས་པའི་འབད་འཐབ་ཀྱི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱེད་པ་དང་། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་བཅས་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་དང་ཏང་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མུ་མཐུད་ལག་བསྟར་བྱས་ཏེ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མིའི་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དེ་བས་ལེགས་པའི་སྒོ་ནས་འགན་འཁྲི་གཙང་སྒྲུབ་བྱེད་དགོས།
   ཏིང་ཤུའེ་ཞང་དང་ཡིའུ་ཆོན་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"