མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧན་ཀྲེང་གིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སུ་བཞུགས་མོལ་ཚོགས་འདུ་གཙོ་
སྐྱོང་གནང་སྐབས། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཏན་
ཏིག་སྒྲུབ་པ་དང་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོ་སྲུང་དགོས་
པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་10ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་སུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སྒྱུར་བཅོས་འཕེལ་རྒྱས་བྱེད་ཚུལ་ཕྱོགས་སྡོམ་གནང་བ་དང་། འབྲེལ་ཡོད་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
    ཧན་ཀྲེང་གིས་འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གནང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ཆེད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་འབྲུ་རིགས་བདེ་འཇགས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཀྲུང་གོ་བའི་ལྟོ་ཕོར་སོ་སོ་རང་ཉིད་ཀྱི་ལག་ཏུ་བཟུང་དགོས་ཞེས་གསུངས་པ་རེད།
    ཧན་ཀྲེང་གིས་འབྲུ་རིགས་དང་དངོས་ཟོག་གྲབས་ཟོག་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་སྤྱི་འབོར་གཏན་འཁེལ་དང་། གྲུབ་ཆ་ལེགས་སྒྲིག སྣ་ཁ་འདེམས་པ། གྲབས་གསོག་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱེད་དགོས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་མཐའ་གཅིག་ཏུ་བསྲུངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཆེས་རྩ་བའི་ཐོན་སྐྱེད་ནུས་པ་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཧན་ཀྲེང་གིས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཛོད་ཉར་སྒྲིག་བཀོད་ཁག་གཅིག་གསར་སྐྲུན་དང་། སྒྱུར་བཀོད། རིམ་སྤོར་བཅས་བྱས་ཏེ་འབྲུ་རིགས་དང་འབྲུ་རིགས་གསོག་ཉར་དང་འབྲེལ་བ་ཡོད་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲོམ་རའི་བྱ་ཐབས་དང་སྲིད་གཞུང་གི་སྙོམས་སྒྲིག་ཚོད་འཛིན་བྱ་ཐབས་ཡག་པོ་སྤྱད་ནས་ནུས་ལྡན་གྱི་ཁྲོམ་ར་དང་འཇོན་ཐང་ཡོད་པའི་སྲིད་གཞུང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་ངང་གྲབས་གསོག་ནུས་པ་ཆེ་རུ་གཏོང་དགོས། མཛོད་ཉར་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དེ་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། འབྲེལ་ཡོད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲབས་གསོག་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
   ཚོགས་འདུ་མ་འཚོག་གོང་། ཧན་ཀྲེང་གིས་འབྲུ་རིགས་ཉོ་ཚོང་མཐུན་སྦྱོར་ལྟེ་གནས་སུ་ཕེབས་ནས་རྒྱལ་ཁབ་འབྲུ་རིགས་ཉོ་ཚོང་ལས་སྟེགས་འཁོར་རྒྱུག་གི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། སི་དང་། ཅུས། ཁྲུའུ། ཁང་བཅས་ཁག་ལ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་གཟིགས་པ་མ་ཟད། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་འཕེལ་རྒྱས་འཆར་འགོད་དང་དེ་བཞིན་འབྲུ་རིགས་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད།

  
style="display:none;"