མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་07ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོར་གཉེར་བར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་གནང་ཡོད།
    ཞི་ཅིན་ཕིང་གིས། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ཁམས་མ་ལག་སླར་གསོ་ལོ་བཅུའི་འགོ་ཚུགས་ལོ་ཡིན་པས། ཕ་ཁི་སི་ཐན་གྱིས་སྐྱེ་ཁམས་མ་ལག་སླར་གསོ་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བྱེད་སྒོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། སའི་གོ་ལ་ནི་མིའི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ཡིན། སྐྱེ་ཁམས་དར་ན་ཤེས་དཔལ་དར་བས། མིའི་རིགས་ཀྱིས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གནས་སྟངས་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ཕྱིན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མེད་པ་ཆགས་པ། བྱེ་ཐང་ཅན་དུ་འགྱུར་ཤུགས་ཆེ་བ། གནམ་གཤིས་ཤིན་ཏུ་ངན་པ་ཡང་ཡང་བསྟན་པ་སོགས་ཀྱིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་ཡོད། འཛམ་གླིང་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ན་མེད་པའི་བློ་སྟོབས་དང་བྱ་སྤྱོད་ཐོག་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། ཀྲུང་ཧྭའི་ཤེས་དཔལ་གྱིས་སྔར་ནས་བཟུང་རང་བྱུང་ཁམས་དང་མིའི་དབར་འཆམ་མཐུན་བྱ་རྒྱུར་བརྩི་མཐོང་བྱེད་ཀྱི་ཡོད། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་བཀོད་པའི་ནང་འཇུག་རྒྱུ་ཡིན། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་ཡིན་པའི་ངོས་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུར་གཞོལ་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱས་ཏེ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་འདི་ལོ《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིང》འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གཉེར་འགན་འཁུར་ཏེ་ཕྱོགས་ཁག་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཇུས་ཆེན་ལ་གྲོས་བསྡུར་བྱས་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་དེ་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བཏོད་འདོད་ཡོད་ཅེས་གསུངས་པ་རེད།
    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་1972ལོར་ཟླ་6པ་ཚེས་5ཉིན་དེ་འཛམ་གླིང་ཁོར་ཡུག་ཉིན་མོར་གཏན་འཁེལ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ལོ་ལྟར་ཁོངས་མིའི་རྒྱལ་ཁབ་ཅིག་བདམས་ནས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲན་གསོའི་བྱེད་སྒོ་སྤེལ་གྱི་ཡོད། ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་ནི“སྐྱེ་ཁམས་མ་ལག་སླར་གསོ”ཞེས་པ་དེ་རེད།

  
style="display:none;"