མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་
སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་
འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་11ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་6ཚེས་7ནས་ཚེས་9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་8ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚྭ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཟླ་6ཚེས་7ནས་ཚེས་9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་8ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚྭ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

     མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
    ཟླ་6ཚེས་7ཉིན་ནས་ཚེས་9ཉིན་བར། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲེང་ཀྲང་ཤིན་ཁྲང་ཤིང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་སོགས་ས་ཁུལ་དུ་ཕེབས་ནས་ཁེ་ལས་དང་། སྡེ་ཁུལ། རང་བྱུང་སྲུང་སྐྱོང་ཁུལ། གྲོང་གསེབ་སོགས་ལ་བརྟག་ཞིབ་གནང་བ་རེད།
    ཚེས་7ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་གྱི་གྲོང་དབུས་སུ་གནས་པའི་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་། ཐོན་སྐྱེད་འཁོར་ཁང་དུ་ཞི་ཅིན་ཕིང་གིས་མ་བཅོས་རྒྱུ་ཆ་དང་། ཐོན་སྐྱེད་ལས་རིམ། ཐོན་རྫས་འགྲེམས་སྟོན་བཅས་ལ་གཟིགས་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱ་ཡག་བོད་རུམ་འཐག་རྩལ་གྱི་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཁེ་ལས་ཀྱིས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྣེ་འཁྲིད་བྱས་པར་གདེང་འཇོག་ཀྱང་གནང་བ་རེད། ཁེ་ལས་ཀྱི་ཞིབ་དཔྱད་ཚད་ལེན་དང་ཇུས་འགོད་སྡེ་ཚན་དུ་ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་སྤུས་ཚད་ཚད་ལེན་དང་ཐོན་རྫས་ཀྱི་ཇུས་འགོད་དཔེ་རིས་ལ་ཞིབ་ཚགས་གཟིགས་པ་དང་། ཐོན་རྫས་འཚོང་ལམ་དང་ཁེ་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཁྱད་ཆོས་ལྡན་ཤོས་ཀྱི་ཐོན་ལས་དང་གསོན་ཤུགས་ཆེ་ཤོས་ཀྱི་ཁེ་ལས་ལ་དམ་འཛིན་བྱེད་མཁས་པོ་བྱས་ཏེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕུལ་བྱུང་ཁེ་ལས་སྐྱེད་སྲིང་བྱེད་པ་དང་ཁེ་ལས་འཕེལ་རྒྱས་བཏང་ནས་ཐོན་ལས་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་གཞི་ཆེན་པོ་ཡོད་ལ་མདུན་ལམ་ཡང་ཆེན་པོ་ཡོད་པས། དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས། ཁེ་ལས་ཀྱི་གསར་གཏོད་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་སྐྱེད་སྲིང་དང་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ལས་ཞུགས་དང་། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་བཅས་དང་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱས་ཏེ། ཕན་ཚུན་སྐུལ་འདེད་དང་ཕན་ཚུན་རོགས་རེས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་སྐོར་གྱི་ཁོང་ཚོའི་ལས་དོན་སྙན་སེང་གསན་པ་དང་སྦྲགས། དེ་གར་དོན་དག་གཅོད་པར་ཡོང་མཁན་མང་ཚོགས་དང་གླེང་མོལ་ཡང་གནང་བ་རེད། ཞི་ཅིན་ཕིང་སྔ་རྗེས་སུ་སྡེ་ཁུལ་གྱི་དཔེ་དེབ་ཁང་དང་། བདེ་སྐྱིད་ཟ་ཁང་། བདེ་ཐང་སླར་གསོ་ཁང་། ཞབས་བྲོ་ཁང་། དཔེ་དེབ་ལྟ་ཀློག་ཁང་སོགས་སུ་ཕེབས་ནས། རྒན་ཡོལ་ཞུས་པའི་རྒན་རྒོན་ཚོས་ཡིག་གཟུགས་དང་རི་མོ་སྦྱོང་བ་དང་། གླུ་གཞས་སྦྱོང་བར་གཟིགས་པ་མ་ཟད། སྡེ་ཁུལ་གྱིས་རྒན་རྒོན་ལ་བཟའ་བཏུང་དང་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་པའི་སྐོར་དང་། གཞོན་ནུ་ལོ་ཆུང་ལ་སློབ་གྲྭ་གྲོལ་རྗེས་ཀྱི་སྤྱི་ཕན་རང་བཞིན་གྱི་མངགས་བཅོལ་ལྟ་རྟོག་ཞབས་འདེགས་ཞུ་ཚུལ་སོགས་མཁྱེན་རྟོགས་གནང་བ་རེད། སྡེ་ཁུལ་གྱི་ཐང་ཆེན་དུ། ཞི་ཅིན་ཕིང་གིས་དེ་གར་རུབ་ཡོང་མཁན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཞི་ཅིན་ཕིང་གིས། སྡེ་ཁུལ་དེ་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ལ་བརྩིས་ཏེ། མི་རིགས་ཁག་གི་མི་དམངས་ཚོས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། སྡེ་ཁུལ་བཅོས་སྐྱོང་ཡག་པོ་བྱུང་མིན་གྱི་འགག་རྩ་དེ་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཐུག་ཡོད། དེས་ན་དམག་འཐབ་མཁར་རྫོང་ལྟ་བུའི་གཞི་རིམ་ཏང་རྩ་འཛུགས་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྡེ་ཁུལ་གྱི་ལས་དོན་དེ་གནད་ལ་འཕིགས་པར་སྒྲུབ་དགོས། མང་ཚོགས་ཀྱི་སེམས་ཁྲལ་སེལ་བའི་ལས་ཀ་རེ་རེ་བཞིན་སྒྲུབ་པའི་ཁྲོད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་ཡང་འབད་བསྐྱར་འབད་དང་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།
     ཚེས་8ཉིན། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚྭ་རྫོང་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་དང་ཐོག་མཚོ་སྔོན་པོའི་ཁེ་རམ་ཐང་དུ་ཕེབས་ནས། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་གྱི་ངོ་སྤྲོད་གསན་པ་དང་ཆབས་ཅིག་ཞབས་ཐང་མར་གཟིགས་ཞིབ་གནང་བ་རེད། དེ་གར་མཚོ་མོ་རྒྱ་ཆེ་ལ། ཆུ་མོ་དྭངས་ཤིང་གཙང་བ། བྱ་བྱིའུ་བག་ཡངས་ངང་འཕུར་ལྡིང་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་ལ་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ཁར། གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་མགྱོགས་སུ་བཏང་ནས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་དང་། རང་བྱུང་ཐོན་ཁུངས་གསོ་སྤེལ་ཡག་པོ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོ་ནི་འབྲོག་པ་གཅིག་སྡུད་ཐོག་བཀོད་སྒྲིག་བྱེད་སའི་གྲོང་གསར་ཞིག་ཡིན་པ་དང་། 2017ལོར་ནོར་ལུག་གསོ་ཚགས་ལས་རིགས་སོགས་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་སྐབས། བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གིས་ཁྱིམ་ཚང་དེའི་བཟའ་མི་བུ་ཕྲུག་ཁྲིད་ནས་སེམས་རྩ་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་འདྲེན་ཞུས་པ་མ་ཟད་མཇལ་དར་ཕུལ་བ་རེད། ཞི་ཅིན་ཕིང་ཁོང་ཚོའི་ཁྱིམ་དུ་ཕེབས་ཏེ་སྡོད་ཁང་གི་ཕྱི་ནང་གང་སར་གཟིགས་ཞིབ་གནང་བ་མ་ཟད། ཚོམས་ཆེན་དུ་ནང་མི་ཚོ་དང་བཀའ་མོལ་ཡང་གནང་བ་རེད། བསོད་ནམས་ཚེ་རིང་གིས་སེམས་འགུལ་ཐེབས་བཞིན་དུ་ང་ཚོ་འབྲོག་པ་ཚོའི་བདེ་སྐྱིད་འཚོ་བ་ནི་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་ཞིག་ཡིན་པས། གུང་ཁྲན་ཏང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅིར་ཡང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན། རང་རེའི་ཏང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། སྲིད་དབང་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པ་མ་ཟད། ཀྲུང་གོ་གསར་པ་འཛུགས་སྐྲུན་བྱས་པ་ཡང་ལས་སླ་པོ་ཞིག་མིན། མི་སེར་གྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྔ་ཕྱི་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་མི་རིགས་ཁག་ལ་བདེ་སྐྱིད་བསྐྲུན་པས་རེད་ཅེས་གསུངས་པ་རེད།
    བསོད་ནམས་ཚེ་རིང་གི་ཁྱིམ་ནས་ཞལ་གྱེས་རྗེས། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་སྤྲོ་སེམས་འཁོལ་པོས་ལམ་ཟུར་དུ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་འབོད་ཞུས། ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ང་ཚོས་མུ་མཐུད་འབད་འཐབ་བྱེད་དགོས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་ཀྲུང་ཧྭ་མི་རིགས་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་ངང་འཛམ་གླིང་མི་རིགས་ཁྲོད་འགྱིང་ངེར་ལངས་ཐུབ་ངེས་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཉུང་ནའང་འགྲིག་ཐབས་མེད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་། ཚང་མས་སེ་འབྲུའི་རྡོག་ལྟར་དམ་པོར་སྦྲེལ་ཏེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ན། གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་གཞི་ནས་ཇི་སྲིད་བར་རབ་ཏུ་བཞད་ངེས་རེད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ཚང་མ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
    ཚེས་9ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། མཚོ་སྔོན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་གསར་འབྱེད་གསར་གཏོད་དང་འགན་འཁུར་དངོས་སྒྲུབ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ཀྱི་ཁྲོད། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་དང་། རྒྱལ་ཁབ་ས་ཆའི་བདེ་འཇགས་གནས་བབ། ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་གནས་བབ་བཅས་དེ་བས་གལ་ཆེན་ཡིན་པ་མངོན་ཡོད། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་བཀོད་པ་ལེགས་སུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མཐའ་འཁྱོངས། དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤངས་བཅས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གང་མགྱོགས་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་ཟོག་ཕྱིར་གཏོང་བྱ་ཡུལ་བཅས་སུ་སྐྲུན་དགོས། ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་བཀོད་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། ནོར་སྲིད་དང་། ཁྲལ་བསྡུ། རྩིས་བཤེར་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྤྱི་འདོམས་བྱེད་པ་དང་། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཕྱོགས་ཁག་གི་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་པ། ནོར་དཔལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་དོན་བཀོད་སྒྲིག་ལག་བསྟར་ནན་པོ་བཅས་བྱས་ཏེ། ཟ་མཁས་འཐུང་མཁས་ཀྱི་འཚོ་བ་སྐྱེལ་རྒྱུའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས། གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱེད་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་ཆུ་འགོ་སྲུང་སྐྱོང། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཡག་པོ་འཁུར་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དོ་དམ་སྒྲིག་སྲོལ་གསེད་བཀྲོལ། འཁོར་སྐྱོད་ལམ་སྲོལ་གསར་གཏོད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལད་མོ་རུང་བ་དང་ཁྱབ་གདལ་རུང་བའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱེད་དགོས། གངས་རི་དང་། འཁྱག་རོམ། གཙང་ཆུ་རྒྱུག་ཁུལ། མཚོ་དང་འདམ་ར། རྩྭ་ཐང་དང་ན་ཁ། བྱེ་ས་ཐང་རྒོད་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་ཡོང་བར་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཆུ་ཤོར་རིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཆུ་རྩ་གསོ་འཁྱོངས་ཁུལ་གྱི་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ནུས་ཆེའི་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་དང་། མི་དམངས་ལ་དམ་པོར་བརྟེན་པ། ཟམ་མི་ཆད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱས་ཏེ། ལས་ཞུགས་དང་། ཡོང་འབབ་བགོ་འགྲེམས། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཅོལ་གསོ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ལ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་པ་དང་། སྐྱེ་ཁམས་དང་དམངས་འཚོའི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་གཉིས་མཐུན་སྦྱོར་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ནས། ཞིང་འབྲོག་ཐོན་རྫས་ཚད་ལྡན་ཅན་དང་ལྗང་མདོག་ཅན་དུ་ཐོན་སྐྱེད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ལྡན་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་རིག་གནས་དར་རྒྱས་གཏོང་བ་བཅས་བྱེད་དགོས། ཞི་ཅིན་ཕིང་གིས། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་ལ་ཁོང་གིས་རྨ་སྟོད་ཀྱི་ས་ཡོམ་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས་པ་དང་འབྲེལ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་། མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་པ། མང་ཚོགས་ཚོས་དྲོ་སྐྱིད་ཚོར་བ་བཅས་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་སྔོན་ནི་མཐའ་བརྟན་བོད་བརྟན་གྱི་འཐབ་ཇུས་ཁུལ་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱེད་པོའི་འགན་འཁྲི་འཁུར་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་དུ་ཧུར་ཐག་བསྐྲུན་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་མ་ཐོན་སྔོན་འགོག་ནུས་ལྡན་བྱེད་པ། ནག་སེལ་གཤེད་བཅོམ་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད། རང་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་སྐྱེད་སྲིང་དང་གྲུབ་པ་ལས་ཏང་གི་སྲ་ཞིང་བརྟན་པའི་དད་སེམས་དང་། གཞི་རྩའི་དམིགས་ཡུལ། ཕུལ་བྱུང་གི་སྤྱོད་བཟང་བཅས་གཅིག་སྡུད་དུ་མངོན་གྱི་ཡོད། དེ་དག་ནི་ང་ཚོས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་དགོས་ཞེས་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་ས་བོན་རྒྱུན་འཛིན་དང་བླ་ན་མེད་པའི་ཀུན་སྤྱོད་སེམས་ཁོང་དུ་འཇགས་པའི་ཁྲིད་སྟོན་བྱེད་དགོས་པ་སྟེ། གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྤྱོད་བཟང་གོང་དུ་བཀུར་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཏང་ནང་ཞུགས་སྐབས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དང་ནམ་ཡང་ཏང་ལ་ངོ་མི་ལོག་པའི་དམ་བཅའ་མ་བརྗེད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ། སེམས་ཐག་གཙང་བཅད་ཀྱིས་ཏང་གི་རྗེས་སུ་འབྲང་བ། རང་སྲོག་དོར་དགོས་བྱུང་ཡང་འགྱོད་པ་མེད་པ་བཅས་བྱེད་དགོས་པ་དང་། གཉིས་ནས་མི་དམངས་ལ་བདེ་རྩ་སྐྲུན་པའི་སྤྱོད་བཟང་གོང་དུ་བཀུར་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། འཆི་གསོན་མཉམ་གནས། འགན་འཁྲི་འཁུར་ཕོད་པ། ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ནས། མི་དམངས་ལ་བདེ་རྩ་བསྐྲུན་རྒྱུ་དེ་ཆེས་རྩ་བའི་འགན་འཁྲིར་བརྩི་དགོས་པ། གསུམ་ནས་རང་གཅུན་ནན་པོ་བྱེད་པའི་སྤྱོད་བཟང་གོང་དུ་བཀུར་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རང་གཟབ་ཆུང་ཟོན་གྱིས་འདོད་བརྣག་རྒྱབ་སྐྱུར་གྱི་མི་ཞིག་བྱེད་པ་དང་བདེན་དཔང་དྲང་གཞག་གི་ལས་བསྒྲུབས་ནས་བླ་ན་མེད་པའི་མི་ཞིག་དང་། དྲང་པོ་དྲང་གཞག་གི་མི་ཞིག ཀུན་སྤྱོད་ལྡན་པའི་མི་ཞིག མ་རབས་ཐ་ཤལ་གྱི་དྲི་མས་མ་འགོས་པའི་མི་ཞིག མི་དམངས་ལ་ཕན་ཐོགས་པའི་མི་ཞིག་བཅས་ཧུར་ཐག་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་སྐྱོན་བྲལ་ཡོང་བའི་འགན་ལེན་བྱེད་དགོས།
    ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཟླ་6ཚེས་7ནས་ཚེས་9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་7ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་དཔེ་དེབ་ལྟ་ཀློག་ཁང་དུ་སྡེ་ཁུལ་གྱིས་གཞོན་ནུ་ལོ་ཆུང་ལ་སློབ་གྲྭ་གྲོལ་རྗེས་ཀྱི་སྤྱི་ཕན་རང་བཞིན་གྱི་མངགས་བཅོལ་ལྟ་རྟོག་ཞབས་འདེགས་ཞུ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་6ཚེས་7ནས་ཚེས་9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་7ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་དཔེ་དེབ་ལྟ་ཀློག་ཁང་དུ་སྡེ་ཁུལ་གྱིས་གཞོན་ནུ་ལོ་ཆུང་ལ་སློབ་གྲྭ་གྲོལ་རྗེས་ཀྱི་སྤྱི་ཕན་རང་བཞིན་གྱི་མངགས་བཅོལ་ལྟ་རྟོག་ཞབས་འདེགས་ཞུ་ཚུལ་མཁྱེན་རྟོགས་གནང་བཞིན་པ།

  
style="display:none;"