མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཏང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་17ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས》ཞེས་པ་བཀོད་ཡོད།
     གསུང་རྩོམ་ནང་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཡུན་རིང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་པ་མ་ཟད། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད། ཆབ་སྲིད་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རང་རེའི་ཏང་གིས་ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཏན་ཏིག་ངང་སྐྱེལ་དགོས་པ་ར་སྤྲོད་ཐུབ་ཡོད། ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་རང་རེའི་ཏང་གིས་ཀལ་གསབ་སྟོབས་རྒྱས་ཡོང་བ་བྱེད་པ་དང་གཟུགས་གཞི་ཐང་དུ་གཏོང་བའི་རྩ་བའི་འགན་ལེན་ཞིག་དང་། རང་རེའི་ཏང་གིས་རང་ཉིད་ཀྱི་གསར་བརྗེའི་བློ་སྟོབས་འཕེལ་བར་བྱེད་པ་དང་། རང་ཉིད་ཀྱི་དྭངས་གཙང་གི་ནུས་པ་ཆེ་རུ་གཏོང་བ། དུག་སེལ་དང་འབུ་ཕྲ་གསོད་པའི་ཆབ་སྲིད་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་རྩ་བའི་ཐབས་ལམ་ཞིག་ཡིན།
     གསུང་རྩོམ་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་ཨང་དང་པོ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་བཀའ་བཀོད་དང་ལེན་ཞུ་ཐུབ་པའི་འགན་ལེན་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ལས། སླ་བཅོས་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་བར་ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་དགོས་པ་དེ་རེད། དེས་ན་ཏང་ཡོངས་ལ་ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས་བྱེད་པ། ཏན་ཏིག་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།      “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་གསུམ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཏང་ཡོངས་གོང་འོག་ཀུན་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ། ཤུགས་རྒྱག་ས་གཅིག་ཏུ་རྒྱག་པ་བཅས་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ་དང་། ཆབ་སྲིད་ཀྱི་ཕུགས་བསམ་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་སྲུང་བརྩི་ནན་པོ་ཞུ་བ། ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཉམས་མྱོང་གསོག་འཇོག་བཅས་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཏང་གཤིས་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་རང་རྟོགས་ངང་ཁྱབ་པ་བྱེད་དགོས། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར། དང་ཐོག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཐུབ་པ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། གནད་དོན་འདིའི་ཐད་ཐམ་མེ་ཐོམ་མེ་དང་གཡོ་འགུལ་ཐེབས་པའི་གནས་ཚུལ་གཅིག་ཀྱང་ཐོན་མི་རུང་། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལག་ལེན་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་ནི་དྲག་ཆར་རླུང་འཚུབ་ལྟར་གྱི་གེགས་བར་འཕྲད་སྐབས་ཀྲུང་གོ་མི་དམངས་ཀྱི་བློས་འགེལ་ཆོག་ཤོས་ཀྱི་སྲོག་ཤིང་ཞིག་ཡིན་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཉེན་ཁ་སྔོན་འགོག་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་ཞིག་ཡིན་པ་སླར་ཡང་ར་འཕྲོད་ཡོད། ཆབ་སྲིད་ཐོག་གི་རང་འགུལ་ནི་ཕན་ཐོགས་ཤོས་ཀྱི་རང་འགུལ་ཞིག་དང་ཆབ་སྲིད་ཐོག་གི་གཞན་དབང་ནི་ཉེན་ཁ་ཆེ་ཤོས་ཀྱི་གཞན་དབང་ཞིག་རེད། དེས་ན་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་སྟངས་འཛིན་མཁས་པོ་བྱེད་པ། ཆབ་སྲིད་ཀྱི་སྤྱི་ཡོངས་ནས་ཁོང་དུ་ཆུད་མཁས་པོ་བཅས་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་ཞིག་ཏུ་འགྱུར་བར་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
     གསུང་རྩོམ་ནང་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཞེས་པ་ནི་ཞིབ་ཕྲ་ཞིག་ཡིན་པས“སྲུང་སྐྱོང་གཉིས”དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་ནས་མངོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མངོན་པ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་སྤྱོད་ཐོག་ནས་མངོན་པ་བཅས་བྱེད་དགོས། གསར་བརྗེའི་ས་བོན་ཁྲོད་ནས་དད་མོས་ཀྱི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་བློ་རྩ་བརྟན་པའི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་རང་རྟོགས་ངང་བྱས་ནས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་ཚེ་གང་འགྱོད་པ་མེད་པའི་མར་ཁེ་སི་རིང་ལུགས་ཀྱི་འཐབ་འཛིང་པ་ངོ་མར་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

  
style="display:none;"