མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། བརྒྱད་གཅིག་དམག་འཛུགས་དུས་ཆེན་སླེབས་ཉེར་མཚམས་སུ། ཟླ་7ཚེས་30ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པའི་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་ཞིག རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི“གོམ་སྟབས་གསུམ”གསར་པ་ཧ་ཅང་གལ་འགངས་ཆེ་བའི་གོམ་སྟབས་ཤིག་བཅས་རེད། དེས་ན་ཆོད་སེམས་དང་བློ་སྟོབས་བརྟན་པོ་འཛུགས་པ་དང་། ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དཀའ་སྤྱད་སྙིང་རུས་ཀྱིས་དངོས་སྒྲུབ་བཅས་བྱས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་དང་ཐོག་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
     རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བློ་མཐུན་ཤའོ་ཐེན་ལེང་གིས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པའི་ཐད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ནས་ཏང་གིས་དམག་དཔུང་ལ་བཀོད་འདོམས་བྱེད་རྒྱུ་མཐའ་འཁྱོངས་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དེ་ནི་ཏང་གིས་ཁྲག་དང་མེ་ལྕེའི་འཐབ་རྩོད་བྱེད་པའི་ཁྲོད་ཐོབ་པའི་བསྡོམས་ཚིག་གལ་ཆེན་ཞིག་རེད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཏང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ངོ་བོ་དང་དམིགས་ཡུལ་ནམ་ཡང་གནས་པ། དཀའ་ངལ་ཁྱད་བསད་བཅས་བྱས་ནས་འོད་སྟོང་འབར་བའི་རྒྱལ་ཁ་ཡང་ནས་ཡང་དུ་བླངས་ཏེ་ཏང་དང་མི་དམངས་ཆེད་ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་ཏང་གིས་བསྟན་པའི་ཁ་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཚེ། མི་དམངས་དམག་དཔུང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་ཐུབ་ལ་ཏང་དང་མི་དམངས་ཀྱི་བྱ་གཞག་ལའང་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་ཡོང་ཐུབ་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས་པ་དང་། དམག་དཔུང་སྟོབས་ཆེར་ཕྱིན་ན་གཞི་ནས་རྒྱལ་ཁབ་བདེ་ལ་འཁོད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་རྒྱུར་འཐབ་ཇུས་འགོད་པ་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ནས་དམག་ཡོངས་སྣེ་ཁྲིད་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་སྟེ་རྒྱལ་སྲུང་འཛུགས་སྐྲུན་སྲ་བརྟན་དང་དམག་དཔུང་སྟོབས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། རང་དམག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། ལས་ཀའི་སྤུས་ཚད་འགན་ལེན་བྱེད་པ་བཅས་བྱས་ཏེ་འཐབ་ཇུས་ཀྱི་ནུས་པ་མགྱོགས་མྱུར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམག་འཐབ་དང་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་པ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ནས་དམག་འཐབ་དང་། འཛུགས་སྐྲུན། གྲ་སྒྲིག་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རང་དམག་འཛུགས་སྐྱོང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་གཏིང་ཟབ་ཅིག་རེད། གསར་གཏོད་ཚད་བརྒལ་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་ཡོང་བར་སྐུལ་འདེད་གཏོང་བ་དང་། འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་དང་། མདུན་གྲལ་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། རང་དམག་འཛུགས་སྐྱོང་གི་འཐབ་ཇུས་ལ་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བཅས་བྱེད་དགོས། འཛམ་གླིང་གི་དམག་དོན་འཕེལ་ཕྱོགས་དང་རང་དམག་གི་འཐབ་ཇུས་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་དེ་གཏིང་ཟབ་ཕྱོགས་སུ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས། འཐབ་ཇུས་དོ་དམ་གྱི་གཙོ་གནད་འདིར་དམ་འཛིན་དང་དམག་དོན་དོ་དམ་གྱི་གསར་བརྗེར་སྐུལ་འདེད་བཏང་ནས་དམག་དོན་མ་ལག་འཁོར་རྒྱུག་གི་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། འཐབ་ཇུས་འགོད་པར་ཤུགས་སྣོན་རྒྱག་པ་དང་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་ནས་དམག་དོན་མི་སྣའི་འཇོན་ཐང་དང་བྱང་ཚད་དང་། གྲུབ་ཆ་བཀོད་སྒྲིག གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་སྟེ་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གང་མགྱོགས་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་ནི་རང་དམག་གི་འགན་འཁྲི་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འགན་འཁྲིའང་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྒྱུར་བཅོས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་རྒྱལ་སྲུང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྒྲུབ་འོས་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀོད་པའི་ཁྲོད་དམག་དོན་གྱི་བཀོད་པའི་དགོས་མཁོར་བསམ་གཞིག་གང་ལེགས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ཁྲོད་རྒྱལ་སྲུང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། དམག་གྲབས་སྦྱོང་བརྡར་གྱི་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་སོགས་ཐད་རྒྱབ་སྐྱོར་ནུས་ལྡན་བྱེད་པ། དམག་མིའི་ནང་མི་དམག་དཔུང་དང་མཉམ་དུ་ལས་ཞུགས་དང་། དམག་མིའི་བུ་ཕྲུག་སློབ་ཞུགས། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་སོགས་ཐད་ཀྱི་སེམས་ཁྲལ་དང་དཀའ་གནད་ཧུར་ཐག་སེལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"