མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་ཀྱིས་ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཚུན། ཀྲུང་དབྱིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། 2016ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས་ཕྱོགས་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་རིམས་འགོག་མཉམ་ལས་ཀྱི་བྱ་བཟང་བསྒྲུབས་ཡོད།
     ངས་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཙུང་ཐུང་ལའེ་ཤིས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
     ལའེ་ཤིས་ཀྱིས་རྟེན་འབྲེལ་གློག་འཕྲིན་ནང་། དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ནི་གནའ་བོའི་སྡོང་པོ་ལྟར་ལོ་ངོ་སྟོང་ཕྲག་གི་མཛའ་གྲོགས་འགྲོ་འོང་ཁྲོད་ནས་འཚོ་བཅུད་བླངས་ཏེ་དབྱི་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཉིན་བཞིན་འཕེལ་རྒྱས་འགྲོ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དབྱི་རན་ཕྱོགས་ཀྱིས་ཁྱད་དུ་འཕགས་པའི་དབྱི་ཀྲུང་འབྲེལ་བ་གཏོད་པའི་སེམས་པ་ནམ་ཡང་བརྟན་པོ་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་བཅུ་ཐེངས་དྲུག་པར་སླེབས་པའི་མཚམས་སུ་དབྱི་རན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"