མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ནུས་རྒྱུ་བརྟན་པོའི་ངང་མཁོ་སྤྲོད་དང་བདེ་འཇགས་ཡོང་བར་འགན་ལེན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ། ཧན་ཀྲེང་ཚོགས་འདུར་ཞུགས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལི་ཁེ་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ནུས་རྒྱུ་སྒྱུར་བཅོས་འཕེལ་རྒྱས་ལས་དོན་བཀོད་སྒྲིག་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དེང་རབས་ནུས་རྒྱུའི་མ་ལག་འཆར་འགོད་དང་། ནུས་རྒྱུའི་ཐཱན་ཚད་མཐོ་ཤོས་ལག་བསྟར་ཇུས་གཞི། ནུས་རྒྱུའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བསམ་འཆར་སོགས་ལ་གྲོས་ཞིབ་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ནུས་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧན་ཀྲེང་ཚོགས་འདུར་ཞུགས་པ་རེད།
     ཚོགས་འདུའི་ཐོག འཕེལ་སྒྱུར་ཨུ་ལྷན་དང་ནུས་རྒྱུ་ཅུས་ཀྱིས་སྙན་སེང་ཞུས་ཤིང་། ལི་ཁེ་ཆང་གིས་ནུས་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པར་བརྟེན་རང་རྒྱལ་གྱི་ནུས་རྒྱུའི་འཕེལ་རྒྱས་དང་། གྲུབ་ཆ་ལེགས་སྒྲིག ཕན་འབྲས་ཆེ་ལ་གཙང་བའི་སྒོ་ནས་བེད་སྤྱོད་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། རྒྱལ་སྤྱིའི་ཁོར་ཡུག་དང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཀོད་པ་དང་མ་ལག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བས་རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་དང་བདེ་འཇགས་འགན་ལེན་ལ་འགྲན་སློང་གསར་པ་འཕྲད་བཞིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་དང་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་ལེགས་སྒྲིག་ལ་སྤྱི་འདོམས་བྱས་ནས་ནུས་རྒྱུའི་ཁྱབ་ཁོངས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ནུས་རྒྱུའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་རང་ངོས་ཕྱོགས་སྒྱུར་རིམ་སྤོར་གྱི་བླང་བྱ་ཞིག་ཡིན་ལ་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་དགོས་མཁོ་ཞིག་ཀྱང་རེད། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱེད་དགོས། ཉེ་དུས་གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་ཀྱི་འགལ་བར་ཁ་གཏད་གཅོག་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཚད་ལེན་ཞིབ་རྩིས་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། ཐཱན་ཚད་མཐོ་ཤོས་ཀྱི་གོ་རིམ་དབྱེ་བའི་དུས་ཚོད་རེའུ་མིག་དང་ལམ་རིས་ཞིབ་འཇུག་བྱས་ནས་འདོན་དགོས། ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ་ལས་སྔོན་ལ་ཤོར་རེས་བྱེད་མི་རུང་། དོན་དངོས་ནས་འགོ་བཙུགས་ཏེ་ས་གནས་ཁ་ཤས་སུ“བརྒྱ་ཁ་གཅིག་གཅོད”ཀྱིས་གློག་བཀག་པའམ་ཡང་ན་འགུལ་སྐྱོད་རང་བཞིན་གྱི“ཐཱན་ཉུང་དུ་གཏོང་བར”ཡོ་བསྲང་བྱས་ཏེ་བྱང་ཕྱོགས་མང་ཚོགས་དྲོ་སྐྱིད་དང་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་དང་། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་དང་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས། རྡོ་སོལ་སྦགས་བཙོག་མེད་པའི་ངང་སྤྱོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ནུས་རྒྱུ་གཙང་མའི་བསྡུར་ཚད་མཐོ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་ཡོངས་སུ་ནུས་རྒྱུ་བསྲི་ཚགས་དར་སྤེལ་གཏོང་བ་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"