མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་ཕྱོགས་སྒྲིག》དེབ་དང་པོ་དང་གཉིས་པ་དཔེ་སྐྲུན་
འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་ཕྱོགས་སྒྲིག》དེབ་དང་པོ་དང་གཉིས་པ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
   ཕྱི་འབྲེལ་གཏམ་བཤད་ཕྱོགས་སྒྲིག་གི་དེབ་དེ་གཉིས་ནང་། 2013ལོའི་ཟླ་3པ་ནས་2021ལོའི་ཟླ་11པའི་བར་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་གནང་བའི་གཏམ་བཤད་དང་། གསུང་བཤད། ཤིས་ཚིག བཀའ་མོལ་སོགས་གསུང་རྩོམ་136བཏུས་ཡོད་པ་རེད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་དང་སྔར་འཕྲད་མ་མྱོང་བའི་ཕྱི་རོལ་ཉེན་ཁའི་འགྲན་སློང་ལ་ཁ་གཏད་བཅག་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་འཐབ་ཇུས་ཀྱི་འཆར་འགོད་བྱས་ནས་རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་རྣམ་པ་གསར་པ་གཏོད་པ་དང་། འཛམ་གླིང་གི་ཟང་ཟིང་ཁྲོད་ཉེན་ཁ་གོ་སྐབས་སུ་འགྱུར་བ་བྱས་པས། རྒྱལ་སྤྱིའི་ཐོག་གི་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། བློ་སེམས་འགུགས་ཤུགས། གསར་བཟོ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྤྱི་ཁྱབ་ཇུས་འགོད་པ་ཆེ་མོ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་རིམ་མཐོ་ཚད་ནས་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གོ་ལ་ཅན་གྱི་གཟིགས་རྒྱང་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གཙོ་བདག་གི་ཕྱི་འབྲེལ་ཡང་སེ་སྤེལ་ཏེ། རྒྱལ་སྤྱིའི་ཐོག་གཏམ་བཤད་དང་གསུང་བཤད་རབ་དང་རིམ་པ་གནང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་པའི་འདུ་ཤེས་གསར་པ་དང་། འདོད་ཚུལ་གསར་པ། གྲོས་འགོ་གསར་པ་བཅས་རབ་དང་རིམ་པ་བཏོན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱེད་པའི་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་ཡོད། འདུ་ཤེས་གསར་པ་དང་། འདོད་ཚུལ་གསར་པ། གྲོས་འགོ་གསར་པ་དེ་དག་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ནང་དོན་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་དང་། རིམ་པ་མང་པོ། ཕྱོགས་བསྡུས་བཅས་ཀྱི་ཕྱི་འབྲེལ་བཀོད་པར་སྐུལ་འདེད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛམ་གླིང་གི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དེ་བས་དགེ་མཚན་ལྡན་པའི་རྒྱལ་སྤྱིའི་ཁོར་ཡུག་གཏོད་རྒྱུ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  
style="display:none;"