མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལ་མཇལ་འཕྲད་གནང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་16ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མའར་ཧན་རྒྱལ་མགྲོན་ཁང་དུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ལ་མཇལ་འཕྲད་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བའི་གནས་སྟངས་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་འགྱུར་མེད་ཀྱི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་གཏན་འབེབས་གནང་བ་རེད། 
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷེ་ཨུ་རུ་སུའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་30འདས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱུང་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བའི་གནས་སྟངས་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་འགྱུར་མེད་ཀྱི་འབྲེལ་བར་རིམ་སྤོར་བྱས་པ་དེས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕན་ཚུན་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ། ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་དང་བྱེད་ཀྱི་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་ཉིད་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གང་རུང་ལ་ཁ་གཡར་ནས་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ། བྷེ་ཨུ་རུ་སུ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་མ་འཇོག་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱས་ཏེ། ཀྲུང་བྷེ་བཟོ་ལས་གླིང་ཁུལ་ལྗང་མདོག་དང་། རིག་ལྡན། སྣོད་བཅུད། གྲངས་གཞི་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ས་གནས་མཉམ་ལས་ལོའི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་ནས་མཐོ་སློབ་ཀྱི་ཤེས་ལྡན་མི་སྣ་མཉམ་འབྲེལ་ཐོག་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད།
     ལུའུ་ཁ་ཧྲེན་ཁོའོ་ཡིས་བཤད་དོན། བྷེ་ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོ་ཞིག་གི་ངོས་ནས་བརྗོད་ན། ཀྲུང་གོ་ནི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད། བྷེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་སྟངས་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་འགྱུར་མེད་ཀྱི་འབྲེལ་བར་རིམ་སྤོར་བྱས་པ་དེ། བྷེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་དགོས་མཁོ་དང་རྦད་དེ་མཐུན་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཐའེ་ཝན་དང་འབྲེལ་བ་ཡོད་པ་སོགས་ཀྱི་ལྟེ་བའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ནམ་ཡང་དཔུང་པ་མཉམ་གཤིབ་ཀྱིས་ཀྲུང་གོ་དང་མཉམ་དུ་ལངས་ནས་ཀྲུང་གོའི་བློས་འགེལ་ཆོག་པའི་གྲོགས་པོ་བྱ་རྒྱུ་ཡིན། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་བས་མང་བ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བདེ་བླག་ངང་ཚོགས་ཐུབ་པར་སྨོན་འདུན་ཞུ་རྒྱུ་ཡིན། 
     མཇལ་འཛོམས་གནང་རྗེས། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་འགྱུར་མེད་ཀྱི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བྷེ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་དང་འབྲེལ་ཚན་རྩལ་དང་། ཁྲིམས་འཛིན། ཞིང་ལས། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་ཀྱང་བཀོད་པ་རེད།
     ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཕྲད་ནང་ཞུགས་པ་རེད།

  
style="display:none;"