མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ།

             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་ལི་སི་པོན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ་རེད།
                ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལིས་ལོ་གཉིས་ཀྱི་གོང་དུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་ཚུན། ང་ཚོའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དེ་རྒྱུན་ཆད་མེད་པར་མཉམ་ལས་གྲུབ་འབྲས་ཞིབ་ཕྲར་བསྒྱུར་ནས་ཀྲུང་ཕོར་དབར་གྱི་ཕྱོགས་གཉིས་ཀའི་ཚོང་དོན་ཐད་འཕར་བའི་རྣམ་པ་བཟང་པོ་ཐོན་པ་མ་ཟད། གཙོ་གནད་ཁྱབ་ཁོངས་ཀྱི་མ་འཇོག་མཉམ་ལས་ལའང་སྐུལ་མ་བདེ་བླག་ཐེབས་ཡོད། ཀྲུང་ཕོར་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ལ། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཡང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
                ཞི་ཅིན་ཕིང་གིས་དུས་མཚམས་རྗེས་མར། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་དང་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཕོར་ཕྱོགས་གཉིས་པོས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ཐད་དངོས་ཕན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་མཉམ་སྦྲེལ་མཉམ་མཐུད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་གཉིས་པོས་དངུལ་རྩ་དང་། མ་འཇོག མཁའ་འགྲུལ། རླངས་འཁོར། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་མཉམ་ལས་ཀྱི་རྣམ་གྲངས་དེ་བས་མང་པོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཕྱོགས་གསུམ་པའི་ཁྲོམ་ར་རྒྱ་ཆེར་བཏང་སྟེ་གཉིས་ཕན་ཁེ་མང་མངོན་འགྱུར་བྱེད་དགོས། རིག་གནས་དང་། སློབ་གསོ། ཡུལ་སྐོར། ཚན་རྩལ། སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས་མཉམ་དུ་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
           ཁོ་སི་ཐཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཕོར་ཐིའུ་ཀལ་དུ་འཚམས་འདྲི་གནང་བར་ཕེབས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཕོར་ཀྲུང་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱལ་ཁབ་ཅིག་རེད་ལ་མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། དུས་ཡུན་རིང་པོའི་ནང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐིའུ་ཀལ་གྱི་དངུལ་རྩ་བརྟན་པོ་སྲུང་སྐྱོང་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་རྒྱུ་ཡིན། ཕོར་ཐིའུ་ཀལ་གྱིས་སྒོ་དབྱེ་མཉམ་ལས་དང་རང་མོས་ཚོང་དོན་གྱི་འདོད་ཚུལ་ཐོག་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་ནང་ཧུར་ཐག་ཞུགས་འདོད་ཡོད། གྲོས་འགོ་འདི་ཕོར་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཉིས་སྦྲེལ་གཉིས་མཐུད་དང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རོགས་ཟླའི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ཚོང་དོན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དེ་བས་ཕན་ཐོགས་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་། དངུལ་རྩ། རླངས་འཁོར། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཕོར་ཐིའུ་ཀལ་གྱི་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་ཚོང་གཉེར་ཚད་ལྡན་བྱུང་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཕོར་ཐིའུ་ཀལ་དུ་ཐོན་སྐྱེད་བཟོ་སྐྲུན་མང་དུ་གཏོང་བ་དང་འབྲེལ། ཀྲུང་ཕོར་གླེང་སྟེགས་བརྒྱུད་ཨ་ཧྥེ་རི་ཁ་སོགས་ཕྱོགས་གསུམ་པའི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་ལས་དོན་ནང་འབྲེལ་གཏུག་དང་མཐུན་སྦྱོར་ཟབ་ཏུ་བཏང་སྟེ་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་འདོད་ཡོད། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཡོ་ཀྲུང་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟབ་ཏུ་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་ཡིན་ཞེས་བཤད།
           མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས《མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ》སོགས་ཕྱོགས་མང་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
           རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་ཞིང་། ཞི་ཅིན་ཕིང་གིས་ངས་ད་ཐེངས་ཕོར་ཐིའུ་ཀལ་ལ་འཚམས་འདྲི་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། ཐུགས་གྲ་ལེགས་འགྲིག་ཀྱང་བྱུང་ནས་ཀྲུང་ཕོར་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་སྒུལ་ཤུགས་གསར་པ་བསྣན་ཐུབ་པ་བྱུང་། ཕོར་ཐིའུ་ཀལ་ནི་ང་ད་ཐེངས་ཡོ་རོབ་དང་ལ་ཏིང་མེ་གླིང་དུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་པུ་དབྱི་ནོ་སི་ཨེ་རི་སིའི་དབུ་ཚོགས་ནང་ཞུགས་པའི་འཚམས་འདྲི་བྱ་ཡུལ་གྱི་ས་ཚིགས་མཐའ་མ་དེ་ཡིན། འཚམས་འདྲི་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ངས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། རྒྱལ་ཁབ་འཕེལ་རྒྱས་གྲ་རྒྱས། རང་ཉིད་ཀྱི་བདེ་སྡོད་ལས་བརྩོན་བཅས་ལ་བཅངས་པའི་འདུན་པ་བཟང་པོ་དང་རེ་སྒུག་ཟབ་མོ་གཏིང་ཟབ་ཚོར་བྱུང་། འཛམ་གླིང་ལ་གནད་དོན་དང་འགྲན་སློང་སྣ་ཚོགས་འཕྲད་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་ལ་བརྩི་སྲུང་ཞུ་བ་དང་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"