མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་17ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བཏོད་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ལ་འགན་ལེན་ནུས་ལྡན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་18པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་བཏོད་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ལ་འགན་ལེན་ནུས་ལྡན་བྱེད་དགོས》ཞེས་པ་སྤེལ་ཡོད་པ་རེད།
    གསུང་རྩོམ་ནང་ནན་བཤད་གནང་དོན། མི་དམངས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་ལྟ་བུ་ཡིན། ང་ཚོས་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་བྱེད་དགོས། སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་ཅིག་གཏོད་པ་དང་། སྔོན་བརྡའི་བརྡ་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། འགོག་སྲུང་དྲ་རྒྱ་དམ་ཚགས་སུ་གཏོང་བ། ལོགས་སུ་འཇོག་པའི་འགོག་རགས་བརྟན་པོ་བསྐྲུན་པ་བཅས་བྱས་ཚེ། གཞི་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ལ་འགན་ལེན་ནུས་ལྡན་བྱེད་ཐུབ།
   གསུང་རྩོམ་ནང་བསྟན་དོན། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ་སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་དང་། ནུས་པ་དང་ངེས་གནས་ཁ་གསལ། ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་གཏོང་བའི་ལམ་སྲོལ་བརྟན་པོ་ཞིག་འཛུགས་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་བ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་རིམ་པའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞི་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་མཉམ་འགུལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆུ་ཚད་མཐོ་བའི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་ཁག་གཅིག་འཛུགས་སྐྲུན་བྱེད་དགོས།
   གསུང་རྩོམ་ནང་བསྟན་དོན། ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་བ། འཕྲལ་སྡོམ་དང་ལེན་བཅས་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས་ཤིང་། དུས་འགོའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ལ་བརྩིས་ནས། འགོ་ནད་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོད་ལྟ་ཁང་གི་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་ཐུན་མོང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཛུགས་པ། 
    ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་འཕྲོད་བསྟེན་མི་སྣའི་ཤེས་བྱ་གསོག་འཇོག་དང་གསོ་སྦྱོང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། འཕྲོད་བསྟེན་གྱི་འཕྲལ་སྡོམ་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་སོགས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་དགོས།
   གསུང་རྩོམ་ནང་བསྟན་དོན། རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གཞུང་བཙུགས་སྨན་ཁང་གི་འགོ་ནད་སྐྱོབ་བཅོས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་སྨན་ཁང་གི་འགོ་ནད་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་སྨན་བཅོས་ཀྱི་སྐྱོབ་བཅོས་གྲབས་གསོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་ལེགས་སྒྱུར་དང་། འཕྲལ་སྡོམ་གནས་ཚུལ་འོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྐུལ་སློང་དང་ལེན་དང་། ས་ཁོངས་མཉམ་འགུལ། མི་སྣ་སྐོང་བསྡུ་བཅས་ལ་སྤྱི་འདོམས་བྱེད་པ། ཚད་གཞི་དབྱེ་བ། རིམ་པ་དབྱེ་བ། ཁག་བགོ་བ་བཅས་ཀྱི་འགོ་ནད་སོགས་རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་གསུམ་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོ་ནད་ཚབས་ཆེན་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས།
     གསུང་རྩོམ་ནང་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས་ཤིང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཐབ་རྩོད་ཉམས་མྱོང་ཕྱོགས་སྡོམ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བཅས་བྱས་ནས། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནས་སྤྱི་ཚོགས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཕྱོགས་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཡ་རབས་དང་། བདེ་ཐང་། ལྗང་མདོག ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། བདེ་ཐང་སྲིད་ཇུས་ཡོད་ཚད་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ་གྱི་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས།
    གསུང་རྩོམ་ནང་བསྟན་དོན། རིམས་ནད་ཚབས་ཆེན་འགོག་བཅོས་ཁྲོད་ཀྲུང་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་མཉམ་སྤྱོད་བྱེད་པ་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་རེད་ལ། ཀྲུང་ལུགས་གསོ་རིག་གི་སྙིང་བཅུད་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དངོས་ཤིག་ཀྱང་རེད། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་ནད་བརྟག་སྨན་བཅོས་ཀྱི་ཆོས་ཉིད་ཕྱོགས་སྡོམ། གནའ་རྩོམ་སྨན་གཞུང་གི་སྙིང་བཅུད་ལེགས་སྒྲིག་དང་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ལས་སྟེགས་ཁག་གཅིག་སྐྲུན་པ། ཀྲུང་ལུགས་སྨན་རྫས་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཀྲུང་ལུགས་སྨན་རྫས་ཀྱི་སྨན་གསར་ཞིབ་བཟོ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ལུགས་གསོ་རིག་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
    གསུང་རྩོམ་ནང་བསྟན་དོན། སྤྱི་པའི་འཕྲོད་བསྟེན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་ལས་དོན་ལ་དམིགས་སའི་རང་བཞིན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ། འགན་དབང་ཁ་གསལ་དང་། གོ་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲིམས་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།
    གསུང་རྩོམ་ནང་བསྟན་དོན། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ཚེ་སྲོག་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་ནི་རྒྱལ་ཁབ་ཀྱི་མཆོག་ནོར་ལྟ་བུ་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ། སྟོབས་ཤུགས་གཅིག་སྡུད་ཀྱིས་ལྟེ་བའི་ལག་རྩལ་འགག་སྒྲོལ། རིམས་ནད་ཚབས་ཆེན་འགོག་བཅོས་ཐད་གྲོན་དངུལ་གཏོང་ཚད་རྒྱུན་མཐུད་ངང་མང་དུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་ཚེ་སྲོག་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྨན་བཅོས་འཕྲོད་བསྟེན། སྨན་བཅོས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་གསབ་དགོས།
    གསུང་རྩོམ་ནང་བསྟན་དོན། རྒྱལ་སྤྱིའི་འཕྲོད་བསྟེན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རྒྱལ་སྤྱིའི་འོས་འགན་མུ་མཐུད་སྒྲུབ་པ་དང་། གོ་ལ་ཧྲིལ་པོའི་རིམས་འགོག་དངོས་ཟོག་མཁོ་སྤྲོད་ཀྱི་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་དང་། ཚད་ལྡན། ཕྱོགས་སྟོན་བཅས་གཏན་འབེབས་ལས་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་ངང་ཞུགས་པ། ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་དང་། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་མ་ལག་ཁྲོད་ཀྱི་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས།

  
style="display:none;"