མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོས་ཀྲུང་ཧྥིན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད། ལོ་གཅིག་རིང་། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་། དཀའ་ངལ་ཁྱད་བསད་ཀྱིས་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་ལེགས་ཆ་གསབ་རེས་འདོན་སྤེལ་བྱས་ནས་ཕྱོགས་གཉིས་པོའི་ཚོང་དོན་རྒྱ་སྟོབས་ཆེ་རུ་གཏོང་འདོད་ཡོད། ཧྥིན་ལན་གྱི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་ཐོབ་ཆ་མུ་མཐུད་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧྥིན་ལན་གྱིས་མུ་མཐུད་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་མ་འཇོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་མི་སྣ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་ཚན་སློབ་དང་ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་མང་བ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་ལ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཁྲོད་ཧྥིན་ལན་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ན་ནིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག་ཏུའང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་བྱུང་བ་ནི་ལས་སླ་པོ་ཞིག་མིན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། འགག་རྩ་ནི་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་གླེང་མོལ་དང་མཉམ་ལས་ཀྱི་གཙོ་ཁྲིད་དང་གཉིས་ཁེ་གཉིས་ཕན་གྱི་རྩ་བའི་དགོངས་གཞིར་ཐུན་མོང་ཐོག་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ་དེ་ཡིན། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་ཡོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་རྣམ་པར་མགྱོགས་མྱུར་འགྱུར་ལྡོག་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ཡང་ཡང་འཕྲད་ཀྱི་ཡོད་པས། ཕྱོགས་ཁག་གིས་མཉམ་ལས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་གཉིས་ཕན་ཡོང་བ་བྱེད་པ་ལས་རྒྱལ་ཕམ་མི་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཧྥིན་ལན་གྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་དངོས་འབྲེལ་དྲང་འབྲེལ་གྱི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་བརྒྱུད་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
    ཉི་ཉི་སི་ཐུའོ་ཡིས་གསུངས་དོན། ཧྥིན་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ནི་ཨེ་ཤེ་ཡར་ཡོད་པའི་ཧྥིན་ལན་གྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཤིག་ཡིན། ལག་རྩལ་མཐོ་བ་དང་དཔལ་འབྱོར་འཁོར་རྒྱུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྲོད་ཕྱོགས་གཉིས་པོར་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཧྥིན་ཀྲུང་དབར་མཉམ་ལས་བྱས་པ་དེས་ཧྥིན་ལན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པར་ནུས་པ་གལ་ཆེན་བཏོན་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐད་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཧུར་ཐག་ཞུགས་རྒྱུ་ཡིན། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མིའི་རིགས་ལ་གནམ་གཤིས་འགྱུར་ལྡོག་དང་ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཐུན་མོང་འགྲན་སློང་འཕྲད་ཡོད། ཧྥིན་ལན་གྱིས་1975ལོའི“ཧེར་སིན་ཁིའི་སྙིང་སྟོབས”དར་སྤེལ་བཏང་ནས་གླེང་མོལ་དང་མཉམ་ལས་བྱེད་པ་བརྒྱུད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ་ཀྲུང་གོའི་ནུས་པ་ནི་གལ་འགངས་ཤིན་ཏུ་ཆེ་ལ་མེད་དུ་མི་རུང་བ་ཞིག་རེད། ཧྥིན་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

  
style="display:none;"