མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་23ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་རྒན་རབས་སྐུ་ངོ་མས་དངོས་སུ་བཙུགས་གནང་ཞིང་། རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་ཡོད། 2013ལོར་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས་ཐན་ཙན་ནི་ཡ་ནི་འཚམས་འདྲི་བྱེད་ཡུལ་ཐོག་མ་དེ་རེད། དེ་དུས་འཚམས་འདྲི་བྱེད་རིང་ངས་ཟོལ་མེད་དང་ལྷག་བསམ་གྱི་འདུ་ཤེས་ཐོག་མར་བཏོན་པ་ཡིན། ད་ཆ་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་གཞི་རྩའི་སྲིད་ཇུས་ཀྱི་འདུ་ཤེས་སུ་གྱུར་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རྒྱང་རིང་པོས་ཀྲུང་ཐན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། ཐན་ཙན་ནི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། མིག་སྔར། ཀྲུང་ཐན་འབྲེལ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་སྲིད་ཏང་གི་སྤེལ་རེས་མཉམ་ལས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་ཐན་ཙན་ནི་ཡ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་། ཞིང་ལས་དང་། འགྲིམ་འགྲུལ། འཕྲིན་གཏོང་། ཡུལ་སྐོར། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཐན་ཙན་ནི་ཡར་མ་འཇོག་དང་ལས་རིགས་དར་རྒྱས་གཏོང་བར་བསྐྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཐན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཧ་སང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བ་ཞིག་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ལ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཐོབ་པ་མ་ཟད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཐོག་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཡང་ནས་ཡང་དུ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཐའེ་དབན་དང་། ཤང་ཀང་། ཤིན་ཅང་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་ཧྥེའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"