མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཙུང་ཐུང་དང་། ཐུར་ཁེའི་ཙུང་ཐུང་། པ་པ་ཏོ་སིའི་ཙུང་ལི་
བཅས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་15ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་7ཚེས་13ཉིན་གྱི་དགོང་མོ་ཞལ་ཆད་ལྟར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡུག་རེན་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10སོང་རིང་། རྒྱལ་ཁབ་གཉིས་པོས་སྐྱོན་བྲལ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད། ན་ནིང་ཚུན་དུ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་རིམས་འགོག་སྨན་ཁབ་སོགས་ཀྱི་ཐད་མཉམ་ལས་བྱས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོས་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཙེ་ལན་སི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་100ཡི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་མ་ཐག་ཡིན་པ་དེར་ཡུག་རེན་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་མཆེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་ལ་དུས་ཐོག་ཏུ་རྩ་ཆེའི་རོགས་རམ་གནང་སྟེ་ཡུག་རེན་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ཕྱོགས་གཉིས་པོས་རིམས་འགོག་སྨན་ཁབ་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡུག་རེན་ཕྱོགས་ཀྱིས་ཡུག་རེན་དང་ཀྲུང་གོའི་དབར་གྱི་དེ་བས་དམ་ཟབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་དེ་འཕེལ་རྒྱས་གཏོང་བར་འབུངས་བཞིན་ཡོད། ཡུག་རེན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུ་ཡིན། རྒྱལ་ཁབ་གཉིས་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་དང་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་7ཚེས་13ཉིན་གྱི་དགོང་མོ་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ན་ནིང་ནས་བཟུང་ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་དགའ་འོས་པའི་འཕེལ་རིམ་ཐོན་ཡོད་པ་དང་། མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བཀྲག་མདངས་འཚེར་ས་གསར་པ་བསྣན་ཡོད། ཀྲུང་གོ་དང་ཐུར་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་གྲབས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཕན་ཚུན་གྱི་དོ་ཁུར་བྱེད་ས་གཙོ་བོར་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཐུར་ཁེ་ཕྱོགས་དང་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཨེར་ཏུའོ་ཨན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སླར་ཡང་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་འདི་ལོ་ནི་ཐུར་ཁེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཐུར་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཐུར་ཁེ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཧུར་ཐག་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཐུར་ཁེར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7ཚེས13ཉིན་གྱི་དགོང་མོ་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་པ་པ་ཏོ་སི་ནི་ཅ་ལེ་པི་ཤར་རྒྱུད་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན། ཀྲུང་གོ་དང་པ་པ་ཏོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་44སོང་རིང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མི་སྣའི་དབར་འགྲོ་འོང་ཟམ་མི་ཆད་པར་བྱས་པས། མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན།
    ཀྲུང་གོ་དང་པ་པ་ཏོ་སི་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱས་ཡོད། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། གྲོགས་པོར་རོགས་རམ་དགོས་ཚེ་ང་ཚོས་རོགས་རམ་ཧུར་ཐག་བྱ་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་པ་པ་ཏོ་སི་ཕྱོགས་དང་རིམས་འགོག་སྨན་ཁབ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་པ་པ་ཏོ་སི་ཕྱོགས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   མོ་ཐེ་ལིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་དང་། དབུལ་པོ་དབུལ་རྐྱང་བསལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གྲུབ་འབྲས་སྔར་བས་མང་བ་ཐོབ་རྒྱུར་ཡིད་ཆེས་ཡོད་ལ་སྨོན་འདུན་ཡང་ཞུ་རྒྱུ་ཡིན། པ་པ་ཏོ་སི་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། པ་པ་ཏོ་སི་ཕྱོགས་ཀྱིས་ནད་དུག་གི་འབྱུང་ཁུངས་འཚོལ་བའི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདྲ་མཉམ་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"