མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་30ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་གནང་དོན། ཀྲུང་གོ་དང་སི་ར་ལ་ཨོང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཚུན་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕན་འབྲས་ཐོན་པའི་མཉམ་ལས་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་ཆེ་བའི་འགྲན་སློང་གི་མདུན་དུ་ཀྲུང་སི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་འགོག་བཅོས་བྱས་ཏེ་དཀའ་སྡུག་མཉམ་མྱོང་གི་སྤུན་ཟླའི་བརྩེ་སེམས་མཚོན་པར་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་གནང་དོན། ངས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་པི་ཨའོ་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ནས་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་སི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
     ཙུང་ཐུང་པི་ཨའོ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་གནང་དོན། སི་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ལྟ་སྟངས་འདྲ་མཉམ། ཐུན་མོང་དར་རྒྱས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཟོལ་མེད་མཛའ་གྲོགས་དང་མཐུན་སྒྲིལ་རོགས་རེས་བྱས་ནས་ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམ་པའི་ཐད་མཉམ་ལས་ཡག་པོ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

  
style="display:none;"