མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སེམས་དང་ལག་གདང་སྦྲེལ་ནས་གངས་ལྗོངས་ས་མཐོའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད།

          ——བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་སྐོར་གྱི་དངོས་བྲིས། (སྟོད་ཆ)

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་19ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་6ཚེས་25ཉིན། སྤྱིའི་རིང་ཚད་ལ་སྤྱི་ལེ་435དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་པའི་ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཅིང་། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་བསྐྲུན་པ་དང་ཆབས་ཅིག་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཤར་གཏོང་ཐུབ་པ་རེད། འདི་ནི་ཚོད་གཏོང་བྱས་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁོངས་སུ་སྐྱོད་བཞིན་པ།

ཟླ་6ཚེས་25ཉིན། སྤྱིའི་རིང་ཚད་ལ་སྤྱི་ལེ་435དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་པའི་ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཅིང་། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་བསྐྲུན་པ་དང་ཆབས་ཅིག་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཤར་གཏོང་ཐུབ་པ་རེད། འདི་ནི་ཚོད་གཏོང་བྱས་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁོངས་སུ་སྐྱོད་བཞིན་པ།

    བརྗིད་ཆགས་འགྱིང་ངེར་གནས་པའི་ཇོ་མོ་གླང་མར་ས་མཐོའི་འཕོ་འགྱུར་བརྐོས།
     རྔམ་བརྗིད་ལྡན་པའི་ཡར་ཀླུང་གཙང་པོས་འཕོ་འགྱུར་ཆེན་པོའི་གླུ་སྒྲ་གྲགས།
     མེས་རྒྱལ་གྱི་ལྷོ་ནུབ་ནི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་བརྗིད་ཆགས་ཡིད་འོང་གི་བོད་ལྗོངས་ཡིན། འདི་ག་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ལོ་ངོ་70ཡི་གོང་གི་ཟླ་5ཚེས་23ཉིན་ནི་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཏེ། 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་ནས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།
     དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་།
     མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དམངས་གཙོའི་བཅོས་སྒྱུར་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད། དུས་རབས་གསར་པར་སླེབས་པ་བཅས་ཀྱི་དོན་ཆེན་བརྒྱུད་རྗེས་མཛད་རྗེས་ཡུན་དུ་གནས་པ་དང་། ཕན་པ་བསྐལ་བརྒྱར་ཐོབ་པ། སྔར་བྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་བཏོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་སྤྱི་ཡོངས་སྔར་བས་བརྟན་ལྷིང་། དཔལ་འབྱོར་དང་རིག་གནས་སྔར་བས་དར་ཞིང་རྒྱས་པ། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་བྱུང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།
     འགག་རྩའི་དུས་མཚམས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། 
     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བ་དང་དུས་གནས་རྟོགས་དཔྱོད་ཀྱིས་བོད་ལྗོངས་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་བསྐྱོད་པར་ཁ་སྒྱུར་ཕྱོགས་སྟོན་གནང་བ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས།
     2021ལོའི་ཟླ་7པའི་ཟླ་སྨད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གངས་ལྗོངས་ས་མཐོར་རྟོག་ཞིབ་གནང་བ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་རྗེས་ས་ཁུལ་དུ་རྟོག་ཞིབ་གནང་ཐེངས་དང་པོ་དེ་ཡིན། ཁོང་གིས་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྤྱི་གླིང་། ལྕགས་ལམ་གྱི་ལྟེ་བ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། རིག་གནས་ཁྲོམ་གཞུང་སོགས་སུ་ཕེབས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་འཚམས་འདྲི་གནང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཡང་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀོད་སྒྲིག་ཚགས་ཚུད་གནང་ནས་བོད་ཀྱིས་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་བསྐྱོད་པར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད།
     བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད།
     ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། སྐབས་རིམ་བྱུང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར། བོད་ཀྱི་མི་དམངས་ལ་ཐུགས་ཁུར་བཅས་གནང་གི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ཏེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་སྐོར་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། བོད་ཀྱི་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་བ་བསུས་པ་དང་ཆབས་ཅིག ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པས་གདམ་ག་དང་འགྲན་སློང་རབ་དང་རིམ་པ་འཕྲད་པ་སྟེ།
     རྒྱལ་ཁབ་བཅོས་སྐྱོང་བྱེད་རིང་བོད་ཀྱི་ལས་དོན་གྱི་ངེས་གནས་གཏན་འཁེལ་ཇི་ལྟར་བྱེད་དགོས་སམ།
     བོད་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཇི་ལྟར་ཡོང་བ་བྱེད་དགོས་སམ།
     བོད་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ།
     ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་སའི་གོ་ལའི་སྣེ་གསུམ་པ་སྲུང་སྐྱོང་ཡག་པོ་ཇི་ལྟར་བྱེད་དགོས་སམ།
     མཐའ་མཚམས་ས་ཁུལ་མགྱོགས་མྱུར་བསྐྲུན་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་སམ།
     གོང་གསལ་གྱི་ཇུས་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་རབ་དང་རིམ་པས་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་དང་བོད་ཇུས་འགོད་བདག་གཉེར་གྱི་བློ་གྲོས་དང་བློ་སྟོབས་ལ་ཚོད་བགམ་ནན་པོ་འཕྲད།
     དུས་ཡུན་རིང་པོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་། བོད་ཀྱི་ལས་དོན་ལ་ཐུགས་བསམ་ཟབ་མོ་བཞེས་ཀྱི་ཡོད། 1998ལོའི་ཟླ་6པར་བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ཆེད་བོད་དུ་རྟོག་ཞིབ་གནང་བར་ཕེབས་མྱོང་ཡོད། ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས། 2011ལོའི་ཟླ་7པར་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོའི་མིང་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་ཏེ། བོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ནི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འདུན་པ་ཆེན་པོ་དང་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་ཡིན་ཞེས་གསུངས་ཡོད།
     2013ལོའི་ཟླ་3པར་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ།
     ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་རྗེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐེངས་དང་པོ་ཞུགས་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས།
     “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས” གྲོས་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ཁ་གསལ་བཏོན་གནང་སྟེ། མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་གནས་བབ་ནན་བཤད་གནང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གཟིགས་རྒྱང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དེ་རྒྱལ་ཁབ་དར་རྒྱས་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་པ་མངོན་གསལ་དོད་དུ་བཏང་གནང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཐུགས་ལ་བཅངས་གནང་བ་དང་། བོད་ལ་བརྩེ་སེམས་བཅངས་གནང་སྟེ་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཇུས་འགོད་གནང་བ་སྟེ།
     ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཚོགས་ནས་བོད་ཀྱི་ལས་དོན་ལ་ཞིབ་འཇུག་གནང་ཞིང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱས་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་གཏན་འཁེལ་གནང་བ། ཆེད་མངགས་བོད་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཐེངས་མང་གསན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་བ་སོགས་རེད།
     བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
     2015ལོའི་ཟླ་8པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་གཞི་གལ་ཆེན་ཡིན་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་བ་མ་ཟད། དེའི་ཞིབ་ཕྲའི་ནང་དོན་ལ་ཆ་ལག་ཚང་བའི་རྒྱས་བཤད་གནང་ཡོད།
     ལོ་5ཡི་རྗེས་ཀྱི་2020ལོའི་ཟླ་8པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་གནང་བ་སྟེ།
     ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་།
     ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ།
     ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
     ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ།
     ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་དགོས་པ།
     ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ།
     ངེས་པར་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ།
     ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
     ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
     ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
     “ངེས་པར་དུ་བཅུ”ཡིས་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་དང་། དེ་ནི་ཏང་གིས་བོད་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཡོང་བ་བྱེད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་ཞུན་བརྡར་དང་གསར་གཏོད་འཕེལ་རྒྱས་བཏང་བ་ཞིག་དང་བོད་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོས་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
     སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན། 
     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་བོད་ཀྱི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་སྟེ་གངས་ལྗོངས་ས་མཐོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
     སྔོ་ཐིང་ངེར་གནས་པའི་ཡར་ཀླུང་གཙང་པོའི་ལུང་ཤུར་དུ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གསར་རྐྱང“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིའི་ཕྱོགས་སུ་བསྐྱོད།
     ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འདི་ལོའི་ཟླ་6ཚེས་25ཉིན་ཤར་གཏོང་ཐུབ་པའི་ལྷ་ཉིང་ལྕགས་ལམ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགོངས་ཚོར་ཟབ་མོ་བྱུང་།
     ལོ་23གྱི་གོང་དུ། ལྷ་ས་གོང་དཀར་གནམ་ཐང་ནས་ཉིང་ཁྲི་བྲག་ཡིབ་གྲོང་རྡལ་བར་བློ་མཐུན་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཉིན་གང་འགོར་བ་དང་། འདི་ལོ་བོད་དུ་རྟོག་ཞིབ་ལ་ཕེབས་སྐབས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བཞུགས་ཏེ་ཉིང་ཁྲི་ནས་ལྷ་ས་བར་ཆུ་ཚོད་གསུམ་ལྷག་ཙམ་ལས་འགོར་མེད།
     བོད་འདི་ཉིད་རི་མཐོ་ཞིང་ལམ་ཐག་རིང་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། འཕྲེད་རྒྱུག་རི་རྒྱུད་བརྒལ་བའི“དུས་རབས་ཀྱི་ལས་གྲྭ”ཞིག་ཡིན་པའི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སྐོར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་ཀྱི་ཐོག་བཀོད་སྒྲིག་ཐེངས་མང་གནང་ཡོད། འདི་ལོ་བོད་དུ་རྟོག་ཞིབ་གནང་སྐབས། “ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་ནན་བཤད་གནང་བ་མ་ཟད། “ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་འདི་འཛུགས་སྐྲུན་ཡག་པོ་བྱེད་དགོས”པའི་བླང་བྱའང་བཏོན་གནང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་ཏེ་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ནུས་འབོར་ཆེན་བཏོན་གནང་ཡོད།
      ཚོད་བགམ་དྲག་པོ་སྣ་ཚོགས་ལ་ཁ་གཏད་བཅག་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ཆེས་རྩ་བ་ནི་འགྱུར་མེད་སྟོབས་ལྡན་གྱི་ཏང་གི་འགོ་ཁྲིད་རེད།
     ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ། “ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ”
     ཟླ་7ཚེས་21ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
     ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་སྟོབས་ཆེར་བཏང་བ་དང་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཁམ་བུའི་མེ་ཏོག་དུས་ཆེན”གཉེར་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དར་རྒྱས་བཏང་བས་གྲོང་མིའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། 2020ལོར་ཀ་ལ་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.1ལྷག་ཙམ་ཟིན་ཡོད།
     “སྤྱི་ཁྱབ་ཧྲུའུ་ཅིས་ངར་ཁྱེད་ནི་གྲོང་ཚོའི་སྣེ་ཁྲིད་པ་ཡིན་པས་ནུས་པ་བཏོན་ནས་སྣེ་ཡག་པོ་འཁྲིད་དགོས་ཞེས་གསུངས་ཀྱི་འདུག གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངས་ལས་ཀ་ཧུར་ཐག་འབད་ཐག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏོང་གི་མིན”ཞེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བཤད།
     ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཚོད་བགམ་དྲག་པོ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ལ་འགྱུར་བའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཁྲི་2.2བར་མང་དུ་སོང་བ་དང་། ཏང་ཡོན་ཁྲི་42.6བར་འཕེལ་རྒྱས་བཏང་བ། ལས་བྱེད་པའི་དཔུང་ཁག་མི་ཁྲི་20.47བར་སྟོབས་ཆེར་བཏང་བ། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པ་བཅས་ལས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།
     བོད་ཀྱི་དམིགས་བསལ་གྱི་རང་བྱུང་ས་ཁམས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུ་དེ་ཞིང་ཆེན་གཞན་དང་མི་འདྲ་བར་གྱུར་ཡོད། དེའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་པ་ཟབ་མོ་བཞེས་ཡོད།
     2019ལོའི་ཟླ་6ཚེས་14ཉིན། “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་ལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ “བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་རེ་བ་ཡོད”
     སྦྲང་ཆར་ཟིལ་མ་འབབ། དཔྱིད་ཀྱི་མྱུ་གུ་འབུས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་སྒྲིག་ལག་བསྟར་བྱེད་པར། བོད་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་སྟེ། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་མགྱོགས་པོ་བསྐྲུན་ནས་རྫོང་དང་གྲོང་གསེབ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་དྲ་གཙོ་བོ་རྫོང་གྲོང་དང་ཤང་གྲོང་གཙོ་བོ་ཚང་མར་ཁྱབ་པ། སྒྲིག་ཚུད་གྲོང་ཚོར་འོད་སྐུད་ཁྲིད་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཟིན་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པ་སོགས།
     ཉེ་རིང་གང་སར་རི་ཆུ་སྔོ་ཞིང་དྭངས། དབྱར་གཞུང་དུས་སུ་ས་མཐོའི་རི་ཆུ་ཚང་མ་མཛེས་སྡུག་ལྡན་པའི་རི་མོ་ལྟར་སྣང་།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་མཚོ་བོད་ས་མཐོ་ནི་འཛམ་གླིང་གི་སྣེ་གསུམ་པ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཡིན་ཞིང་། བོད་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།
     “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་འཐོབ་པར་བྱེད་པ་ཧ་ཅང་གལ་ཆེན་པོ་རེད། འདི་གར་སྐྱེ་ཁམས་ལ་འཐབ་ཇུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱིས་གསུངས།
     མིའི་རིགས་ལ“དག་ཞིང”ཞིག་འཇོག་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་སྡོད་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད།
     ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་དགོས”ཞེས་ནན་བཤད་གནང་ཡོད། འདི་ལོའི་ཟླ་7ཚེས་9ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་སྟེ《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་དང་པོའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་བོད་ཀྱི་སློབ་མ་དང་སྤེལ་རེས་གནང་བ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་བརྟག་ཞིབ་ཐེངས་གཉིས་པ་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་སོགས་རྣམ་པ་མི་འདྲ་བར་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བླང་བྱ་བཏོན་གནང་ཡོད།
     ད་ཆ་བོད་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཅིང་། ད་ཆ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རྒྱལ་ཁབ་ས་གཤིས་སྤྱི་གླིང་3 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་22བཅས་ཡོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་བ་དང་། གཙང་པོ་དང་། ཆུ་བོ། མཚོ་མཚེའུ་བཅས་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་པའི་ཆུ་ཁོངས་ཀྱི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་མཐོ་བ་ཡོད་པ། 2020ལོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་པ་ལ་སོགས་འདི་ལོའི་ཟླ་5ཚེས་1ཉིན་བོད་ཀྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་འགྱུར་ལྡོག་བཏང་ཡོད།
     སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས་པའི”བླང་བྱར་གཞིགས་ཏེ། གཙང་པོ་དང་ཆུ་བོ་གལ་ཆེན་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་དང་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ནས་ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། ཆུ་ཁྲི་རི་སྟོང་བཅས་སྲུང་བཞིན་ཡོད།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཐད་ཚད་མཐོའི་མཐོང་ཆེན་གནང་ནས“མཐའ་སྟོབས”ཀྱི་གལ་ཆེའི་རང་བཞིན་སྔར་ན་མེད་པའི་མཐོ་ཚད་དུ་བཞག་ཡོད།
     འདི་ལོའི་ཟླ་6ཚེས་29ཉིན་བོད་ཆས་གོན་པའི་ཡུལ་སྨད་ཤང་གི་དེ་སྔའི་ཤང་ཀྲང་སྒྲོལ་དཀར་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལངས་ནས“བདུན་གཅིག་གཟེངས་རྟགས”བླངས་ཤིང་། སྐབས་དེ་དུས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས།
     “ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་ཞིང་ལོ་གཅིག་ནས་ལོ་ཕྱེད་ལྷག་ཙམ་རིང་གངས་ཆེན་པོ་བབས་ནས་ཕྱིར་སྐྱོད་ལམ་བུ་ཡང་འགགས་པའི་མཐའ་མཚམས་ས་མཐོར། ཁྱེད་ཀྱི་པཱ་ལགས་དང་ཁྱེད་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་སྐད་གྲགས་མེད་པར་མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་འདི་རིགས་ནི་བརྩི་འཇོག་དང་ཡིད་སྨོན་བྱེད་འོས་པ་ཞིག་རེད། ངས་ཁྱེད་ཚོ་དང་མཐའ་སྲུང་མཐའ་བརྟན་ལ་ཡུན་རིང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བཞིན་པའི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ”
     2017ལོའི་ཟླ་བཅུ་པར། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་ནས་ཡུན་རིང་མ་སོང་བར། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེས་ཕྱུག་པའི་འཕྲིན་ལན་འདི་འབྱོར་པ་རེད། འཕྲིན་ལན་འདིའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ནས། འབྲོག་པ་མང་ཚོགས་དེ་བས་མང་བར་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པར་སྐུལ་ཁྲིད་བྱེད་པའི་ཐུགས་རེ་བཏོན་གནང་ཡོད།
     ད་ཆ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་བྱས་རྗེས་ཀྱི་འབོད་སྐུལ་འོག མང་ཚོགས་སྔར་བས་མང་བ་ཡུལ་སྨད་དུ་གནས་སྤོས་པས། དེ་སྔའི“མི་གསུམ་ཤང”དེ་བོད་ཀྱི་མངའ་ཁོངས་སྲུང་སྐྱོང་དང་མཐའ་མཚམས་སྟོབས་ཆེར་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
     2018ལོ་ཚུན་དུ། བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཚོའི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ་དང་། རྒྱ་ཆེའི་མཐའ་མཚམས་མང་ཚོགས་ཚོ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས། རྒྱལ་མཚམས་ཀྱི་བདེ་འཇགས་དང་དུད་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་ཡོད།
     གངས་ལྗོངས་ས་མཐོའི་འཕེལ་རྒྱས་ནི་ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་རོགས་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་སྔར་ནས་ད་བར་གྱི་སྲིད་ཇུས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་པོ་བྱས་ནས། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་གསུང་གནང་ཡོད།
     བརྩེ་བ་ཟབ་མོ་ས་མཐོར་བཅངས། སྒེར་སེམས་མེད་པར་བསྟོད་གླུ་བརྩམས།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག ཀྲུང་དབྱང་པུའུ་ཨུད་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཞིང་ཆེན་ཁག་གིས་ཁ་གཏད་བོད་སྐྱོར་བྱས་ནས་རྩ་འཛུགས་ཀྱི་ལེགས་ཆ་ཆེན་པོ་འདོན་སྤེལ་གྱིས་སྤྱི་ཚོགས་ལ་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཐོག“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ། བོད་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི“ཀྲུང་གོའི་སྟོབས་ཤུགས”གཅིག་ཏུ་བསྡུས་ཡོད།
     དཀའ་ངལ་ཁྱད་དུ་བསད་ནས་འབྲས་བུ་ཐོབ་པར་བྱས།
     “ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་ཞིང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། སེམས་ཤུགས་གཅིག་སྒྲིལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད” དུས་རབས་གསར་པའི་བོད་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར་མཐུན་སྒྲིལ་དམ་ཟབ་བྱས་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ལག་གདང་སྦྲེལ་ནས་འབད་འབུངས་ཡར་བརྩོན་བྱེད་ཀྱི་ཡོད།

【1】  【2】

 བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བྲོ་རུ་ཁག་གི་རུ་མིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“འཇུ་བྲོ”འཁྲབ་བཞིན་པ།
 བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བྲོ་རུ་ཁག་གི་རུ་མིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“འཇུ་བྲོ”འཁྲབ་བཞིན་པ།

  
style="display:none;"