མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་
དབུ་ཚོགས་ལ་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་13ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་པེ་ཅིང་དུ་བརྙན་ལམ་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་ཀྱི་དབུ་ཚོགས་ཐོག《རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་དཀའ་ཚེགས་ཆེ་བ་དང་རྙོག་འཛིང་ཆེན་པོ་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱིས་དུས་རབས་ཀྱི་འགན་
འཁྲི་འཁུར་ཕོད་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་གོམ་པ་སྤོ་དགོས་ཞེས་བསྟན་གནང་བ་རེད། 
     དང་པོ། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་རྒོལ་བྱེད་དགོས། དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་དང་དེ་བས་བབ་བརླིང་དང་ཞུམ་མེད་དགོས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཚོད་བགམ་དེའི་མདུན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རིམས་ནད་འགོག་རྒོལ་ཐད་རྒྱལ་ཁ་མཐར་ཕྱིན་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས།
     གཉིས་པ། སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཁག་གིས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་བདེ་བླག་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། མཉམ་འགུལ་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། མདུན་ཕྱོགས་སུ་ལྟ་བ་དང་མདུན་ཕྱོགས་སུ་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་འཇམ་འཐབ་དུས་སྐབས་ཀྱི་ཁ་གཏད་དུ་ལངས་པ་དང་ཁ་ཕྲལ་གྱི་གནས་སུ་ཕྱིར་ལོག་བྱེད་མི་རུང་།
     གསུམ་པ། ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཐེངས་བཅོ་ལྔ་པ་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ལམ་བུར་ཐུན་མོང་ཐོག་བསྐྱོད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕར་བ་དང་། དམངས་འཚོ་འགན་ལེན། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བཅས་ལ་མཐུན་སྦྱོར་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་དང་ལྗང་མདོག་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བ་བྱེད་དགོས།
     བཞི་པ། གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།ཚན་རྩལ་དང་ལམ་ལུགས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་རོགས་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་འཕེལ་རྒྱས་ཡོང་ཆེད་སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་བསྐྲུན་དགོས། བཟོ་ཚོང་ལས་རིགས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་པ་དང་གྲུབ་འབྲས་གཞན་སྒྱུར་བྱེད་པའི་གཙོ་ཤུགས་དམག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ས་ཁོངས་མཉམ་ལས་ཀྱི་འཕེལ་རིམ་དང་ཐོག་མཐའ་བར་གསུམ་དུ་མཉམ་འདྲེས་བྱས་ཡོད། ཀྲུང་གོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་འགོ་ཚུགས་པ་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ལ་གོ་སྐབས་དེ་བས་ཆེ་བ་ཐོབ་རྒྱུ་རེད། 
     ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན། ཀྲུང་གོས་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བ་དང་ལམ་ལུགས་རྣམ་པའི་ཕྱི་ཕྱོགས་སྒོ་དབྱེའི་བཀོད་པ་གཏོད་པ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། གཅིག་གྱུར་གྱི་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་གཏོད་པ། ཀྲུང་གོའི་དཔལ་འབྱོར་གྱི་ཕུགས་ཀྱི་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོར་མ་འཇོག་དང་བྱ་གཞག་གཏོད་རྒྱུར་དེ་བས་ལེགས་པའི་འགན་ལེན་བྱ་རྒྱུ་ཡིན། 
     ཀྲུང་གོས་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་འབུལ་རྒྱུ་དང་། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཐཱན་ཉུང་ཕྱོགས་སྒྱུར་དང་དམངས་འཚོའི་དགོས་མཁོར་སྤྱི་འདོམས་བྱེད་པ། དུས་བཀག་ལྟར་ཐཱན་ཚད་མཐོ་ཤོས་སུ་སླེབས་པ་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་ཡིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བཟོ་ཚོང་ལས་རིགས་ཧུར་ཐག་ཞུགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། 
     ཀྲུང་གོས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ནུས་པ་གང་ཡོད་འདོན་རྒྱུ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་བཅས་ཡིན།

  
style="display:none;"