མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེ་དང་འཇར་མན་གྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་བརྙན་ལམ་དབུ་
ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་3ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་སུར་ཚེ་དང་ལྷན་དུ་བརྙན་ལམ་དབུ་ཚོགས་འཚོག་བཞིན་པ།

འདི་ནི་ཟླ་3ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་སུར་ཚེ་དང་ལྷན་དུ་བརྙན་ལམ་དབུ་ཚོགས་འཚོག་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་འཇར་མན་གྱི་ཙུང་ལི་སུར་ཚེ་དང་ལྷན་དུ་བརྙན་ལམ་དབུ་ཚོགས་འཚོགས་པ་རེད།
    ཕྱོགས་གཉིས་པོས་གཙོ་གནད་ཐོག་མིག་སྔའི་ཡུག་རེན་གྱི་དུས་བབ་སྐོར་ལ་དགོངས་འཆར་སྤེལ་རེས་གནང་བ་རེད།
    མ་ཁེ་ལུང་དང་སུར་ཚེ་གཉིས་ཀྱིས་མིག་སྔའི་ཡུག་རེན་གྱི་དུས་བབ་སྐོར་གྱི་ལྟ་ཚུལ་དང་ལངས་ཕྱོགས་ངོ་སྤྲོད་གནང་ཞིང་། ཡོ་རོབ་ལ་དམག་ཆེན་གཉིས་པ་ཚུན་གྱི་ཉམས་ཉེན་ཚབས་ཆེ་ཤོས་འཕྲད་བཞིན་ཡོད་པས། ཧྥ་རན་སེ་དང་འཇར་མན་གྱིས་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞི་བདེར་གོ་སྐབས་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་དུས་བབ་ཀྱི་གྲོས་འགོ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འདུམ་ཐབས་ཡོང་བ་བྱས་ནས་གྲོས་མོལ་ལ་སྐུལ་འདེད་གཏོང་བ། དུས་བབ་སྔར་བས་ཛ་དྲག་ཏུ་མི་འགྲོ་བ་བཅས་བྱས་ནས། དེ་བས་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཐོན་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། ཡུག་རེན་གྱི་དུས་བབ་ལ་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། ཡོ་རོབ་སྐམ་ས་ཆེན་པོར་དམག་འཁྲུག་གི་མེ་ལྕེ་བསྐྱར་དུ་འབར་བར་ཀྲུང་གོ་ཕྱོགས་བློ་ཕངས་ཧ་ཅང་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་བདག་དབང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ཚང་མར་བརྩི་སྲུང་ཞུ་དགོས་པ། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་བྱ་ཡུལ་ཚང་མར་མཐོང་ཆེན་བྱེད་དགོས་པ། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། མིག་སྔའི་ཁ་ཚ་དགོས་གཏུགས་ཆེ་ཤོས་ནི་དུས་བབ་སྔར་བས་ཛ་དྲག་ཏུ་མི་འགྲོ་བ་དང་ཐ་ན་ཚོད་འཛིན་མི་ཐུབ་པ་མི་ཡོང་བ་བྱ་རྒྱུ་དེ་རེད། ཧྥ་རན་སེ་དང་འཇར་མན་རྒྱལ་ཁབ་གཉིས་པོས་ཡུག་རེན་གྱི་དུས་བབ་ལ་བར་འདུམ་བྱེད་པའི་ཐད་འབད་བརྩོན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད་ལ། ཧྥ་རན་སེ་ཕྱོགས་དང་། འཇར་མན་ཕྱོགས། ཡོ་རོབ་ཕྱོགས་བཅས་དང་མཉམ་དུ་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། དོན་དག་དེ་དང་འབྲེལ་བ་ཡོད་པའི་ཕྱོགས་ཁག་གི་དགོས་མཁོ་གཞིར་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཐུན་མོང་ཐོག་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་པོས་གྲོས་མོལ་གྱི་འཕེལ་ཕྱོགས་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། དཀའ་ངལ་ཁྱད་བསད་ཀྱིས་མུ་མཐུད་གྲོས་མོལ་བྱེད་པ་དང་། གྲོས་མོལ་ལ་གྲུབ་འབྲས་ཐོབ་པ། གྲོས་མོལ་བྱས་ནས་ཞི་བདེ་ཡོང་བ་བཅས་བྱེད་དགོས། ང་ཚོས་བཟོད་སྒོམ་གང་ཐུབ་རྒྱུན་འཁྱོངས་བྱས་ནས་གཞི་ཁྱོན་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐོན་རྒྱུ་སྔོན་འགོག་བྱེད་པའི་རེ་འབོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་སྐོར་ལ་གྲོས་འགོ་ཁག་དྲུག་བཏོན་པ་སྟེ། ཡུག་རེན་ལ་སྔར་ལས་ལྷག་པའི་ངང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱེད་འདོད་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་ཉམས་ཉེན་ལས་བཟོས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་དགོས། འབྲེལ་ཡོད་བཀག་སྡོམ་གྱིས་གོ་ལ་ཧྲིལ་པོའི་དངུལ་རྩ་དང་། ནུས་རྒྱུ། འགྲིམ་འགྲུལ། མཁོ་སྤྲོད་འཁོར་སྦྲེལ་བཅས་བརྟན་པོ་ཡོང་བར་རྡབ་རྡེག་ཕོག་ནས། རིམས་ནད་ཤུགས་རྐྱེན་འོག་གི་འཕེལ་རྒྱས་འགྲོ་འགོར་བའི་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པས། ཕྱོགས་ཁག་ཚང་མར་ཕན་པ་མེད། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་ཧུར་ཐག་གཏོང་དགོས། ཧྥ་རན་སེ་དང་འཇར་མན་རྒྱལ་ཁབ་གཉིས་པོས་ཡོ་རོབ་ཀྱི་རང་ངོས་ཁེ་ཕན་ནས་འགོ་བརྩམས་ཏེ། ཡོ་རོབ་རྒྱུན་མཐུད་བདེ་འཇགས་ཡོང་བར་བསམ་བློ་གཏོང་བ་དང་འཐབ་ཇུས་རང་རྟེན་མཐའ་འཁྱོངས་བྱས་ཏེ་དོ་སྙོམས་དང་། གོ་ཆོད། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་བདེ་འཇགས་ཀྱི་སྒྲོམ་གཞི་བསྐྲུན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ལའང་ཡོ་རོབ་དང་། ཨུ་རུ་སུ། ཨ་རི་བཅས་དང་། དེ་བཞིན་བྱང་ཆིངས་དབར་འདྲ་མཉམ་གྱི་སྐད་ཆད་ཤོད་རེས་བྱེད་པ་མཐོང་འདོད་ཡོད།
    ད་དུང་ཕྱོགས་གཉིས་པོས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་ལ་དགོངས་འཆར་སྤེལ་རེས་གནང་བ་རེད།

  
style="display:none;"