མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་ཧྲང་ཧའེ་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་
པའི་རུ་འབྲིང་བཅུ་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་ཧྲང་ཧའེ་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་པའི་རུ་འབྲིང་བཅུ་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སྲུང་དམག་ཅིག་བྱེད་དགོས་པའི་སྐུལ་ལྕག་གནང་བ།
   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་དྲག་ཆས་ཉེན་རྟོག་ཧྲང་ཧའེ་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་པའི་རུ་འབྲིང་བཅུ་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་རེད།
   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་ཚོས“ནན་ཅིང་ལམ་གྱི་ལེན་ཤོག་ཡག་པོ་བརྒྱད་པའི”གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ལྷག་བསམ་ཟོལ་མེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་20ལྷག་ཙམ་རྒྱུན་མཐུད་ནས་ཏང་གི་ཚོགས་ཆེན་དང་པོ་འཚོག་སར་ཏང་གི་ལོ་རྒྱུས་གསལ་འགྲེལ་དང་ཏང་གི་རིགས་པའི་གཞུང་ལུགས་བརྒྱུད་བསྒྲགས་བྱེད་པའི་འོས་འགན་བསྒྲུབས་པར་ཕན་འབྲས་བཟང་པོ་ཐོན་ཡོད། ཁྱེད་ཚོར་གྲུབ་འབྲས་དེ་འདྲ་ཐོབ་པར་ང་རང་དགའ་ཚོར་ཆེན་པོ་ཡོང་གི་འདུག་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་བློ་མཐུན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་རང་འགུལ་ངང་དར་སྤེལ་བཏང་ནས་དུས་རབས་གསར་པའི“འཇའ་ཚོན་གློག་སྒྲོན་འོག་གི་སོ་ལྟའི་དམག”ཡག་པོ་ཞིག་བྱས་ཏེ་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སྲུང་དམག་ཅིག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   དྲག་ཆས་ཉེན་རྟོག་ཧྲང་ཧའེ་གྲོང་ཁྱེར་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་བཞི་པའི་རུ་འབྲིང་བཅུ་པ་ནི་1952ལོར་ཨ་འགོག་ཁྲའོ་རོགས་ཚར་རྗེས་རྒྱལ་ནང་དུ་ལོག་པའི་རྐང་འཛིན་པའི་ཁྲོད་ནས་འཐེན་ཏེ་གྲུབ་པ་ཞིག་ཡིན་པ་དང་1982ལོར“ནན་ཅིང་ལམ་གྱི་ལེན་ཤོག་ཡག་པོ་བརྒྱད་པའི”ལས་འགན་ཚབ་སྒྲུབ་བྱས་ཡོད། 1998ལོ་ནས་བཟུང་རུ་འབྲིང་གི་དཔོན་དམག་ཚོས་གཟའ་མཇུག་དང་དུས་ཆེན་ནམ་ངལ་གསོའི་དུས་ཚོད་སྤྱད་དེ་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་གྱི་ཏང་གི་ཚོགས་ཆེན་དང་པོ་འཚོག་སར་ཏང་གི་ལོ་རྒྱུས་གསལ་འགྲེལ་བྱེད་པའི་འོས་འགན་འཁུར་ཏེ་ཁྱོན་བསྡོམས་གསལ་འགྲེལ་ཐེངས་ཁྲི་7.6ལྷག་ཙམ་བྱས་པ་དང་གསལ་འགྲེལ་ཉན་མཁན་མི་ཐེངས་ཁྲི་450ལྷག་ཙམ་ཟིན་ཡོད། རུ་འབྲིང་གི་ཕྱོགས་ཡོངས་ཀྱི་འཛུགས་སྐྱོང་ཉམས་སད་ཐེག་པ་ཞིག་ཡོད་པས། སྔ་རྗེས་སུ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་3དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་11 བྱས་རྗེས་རིམ་པ་གསུམ་པ་ཐེངས་19བཅས་བཞག་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་དང་བྱ་དགའ་ཁག་17ཐོབ་པ། 2021ལོར“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ལྷག་བསམ་ཟོལ་མེད་བྱེད་པའི་དཔེ་སྟོན་རུ་འབྲིང”གི་རྒྱལ་ཡོངས་ཀྱི་དཔེ་མཚོན་ལ་གཏན་འཁེལ་བྱས་ཡོད། ཉེ་དུས་རུ་འབྲིང་གི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ལགས་ལ་འཕྲིན་ཡིག་བསྐུར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ཏེ་ཀྲུའུ་ཞི་ཞི་ལགས་ཀྱི་མཛུབ་སྟོན་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པའི་དད་སེམས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།

  
style="display:none;"