མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཁ་རེ་ཤེ་ཡའི་ཙུང་ཐུང་སྨི་ལཱ་ནོ་ཝུའེ་ཆིས་ཀྲུང་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་
ངོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་15ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་དང་ཁ་རེ་ཤེ་ཡའི་ཙུང་ལི་ཕུའུ་ལན་ཁུ་ཝུའེ་ཆིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁ་རེ་ཤེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སྨི་ལཱ་ནོ་ཝུའེ་ཆིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཕྲད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་གི་མདུན་དུ་ཀྲུང་ཁ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཐད་གླེང་འདོད་པའི་སྐད་ཆ་གསར་པ་བརྩམས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ངས་ཀྲུང་ཁའི་འབྲེལ་བ་འཕེལ་རྒྱས་ལ་ཚད་ མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་སྨི་ལཱ་ནོ་ཝུའེ་ཆི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན། ཀྲུང་ཁའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    སྨི་ལཱ་ནོ་ཝུའེ་ཆིས་ཁ་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཕྱོགས་གཉིས་པོས་མུ་མཐུད་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཁ་རེ་ཤེ་ཡའི་ཙུང་ལི་ཕུའུ་ལན་ཁུ་ཝུའེ་ཆིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གིས། ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཕེ་ལེ་ཧྲ་ཚེ་ཟམ་ཆེན་དང་སའེ་ཉི་རླུང་གློག་སོགས་གཉིས་ཁེ་གཉིས་ཕན་རྣམ་གྲངས་ཀྱིས་ཀྲུང་ཁ་རྒྱལ་ཁབ་གཉིས་དང་ཀྲུང་ཡོའི་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་རེ་ཤེ་ཡ་ཕྱོགས་དང་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཕུའུ་ལན་ཁུ་ཝུའེ་ཆིས། ལོ་ངོ་30ཡི་རིང་ཁ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ཡོད། ཁ་རེ་ཤེ་ཡ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་བཏོན་ནས་ཁ་ཀྲུང་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ཕ་ཚ་བུ་རྒྱུད་ལ་ཕན་བདེ་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།

  
style="display:none;"