མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་པོའི་གཙོ་བདག་གི་ཞལ་འཛོམས་ཐེངས་དྲུག་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་17ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ལྷན་དུ་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཞལ་འཛོམས་ཐེངས་དྲུག་པ་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ལྷན་དུ་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཞལ་འཛོམས་ཐེངས་དྲུག་པ་གནང་བ།

    འདི་ག་ཚགས་པར་ཁང་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ལྷན་དུ་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཞལ་འཛོམས་ཐེངས་དྲུག་པ་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཕྱོགས་གསུམ་གྱི་མཉམ་ལས་ལ་ནང་སྐྱེས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་ཕྱོགས་གསུམ་པོའི་མཉམ་ལས་ཀྱི་གོམ་སྟབས་མཚམས་འཇོག་བྱེད་མྱོང་མེད་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་རིན་ཡོད་པ་ཞིག་ཡོད། ང་ཚོས་ལག་གདང་སྦྲེལ་ནས་རིམས་འགོག་བྱས་ཏེ་འཕྲལ་དུ་ཕན་ཚུན་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱེད་པ་དང་སྦ་གསང་མེད་པར་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རྒྱལ་ཁབ་གསུམ་པོའི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་ཀྱི་ཡོད། ང་ཚོས“དྲ་ཐོག་སྤེལ་རེས”བྱས་ཏེ། སྤེལ་རེས་ཀྱི་ཚ་རླབས་རྒྱུན་འཁྱོངས་བྱས་པས་དམངས་སེམས་འབྲེལ་མཐུད་ཀྱི་ལྟེ་བ་དེ་བས་དམ་ཟབ་བྱུང་ཡོད། ང་ཚོས་མཐའ་མཚམས་ས་ཁུལ་གྱི་མཉམ་འགོག་མཉམ་སྡོམ་གྱི་མཉམ་ལས་ཧུར་ཐག་བྱས་ནས། དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་བརྟན་པོ་དང་བདེ་བླག་ཡོང་རྒྱུར་སྐུལ་འདེད་བཏང་བས། རྒྱལ་ཁབ་གསུམ་པོ་བརྒྱུད་པའི་རྒྱལ་སྒྲོལ་སྐྱེལ་འདྲེན་གྱི་ཨེ་ཤེ་ཡའི་གཞུང་ལམ་དྲ་བ་གྲུབ་པར་སྐུལ་འདེད་བཏང་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།
    ཞི་ཅིན་ཕིང་གིས་ཀྲུང་ཨུ་མོང་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ཕྱོགས་གསུམ་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བཅས་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
    གཉིས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་མཉམ་ལས་ཀྱི་ལས་སྟེགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པའི་ལས་སྟེགས་གཏོད་དགོས།
    གསུམ་ནས་ཀྲུང་ཨུ་མོང་གསུམ་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས། ཁྱིམ་མཚེས་ས་ཁུལ་གྱིས་དཔལ་འབྱོར་ཚོང་དོན་དང་། མི་ཆོས་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གསུམ་པོའི་བཟོ་ཚོང་ལས་རིགས་ལ་སྤུས་ཚད་མཐོ་བའི་སྤེལ་རེས་ལས་སྟེགས་མུ་མཐུད་གཏོད་དགོས།
   བཞི་ནས་ཕྱོགས་གསུམ་པོའི་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་སྐྱེད་སྲིང་བྱེད་པ་དང་ཕན་ཚུན་དབར་གྱི་ཚོང་དོན་གྱི་རང་དངུལ་རྩིས་རྒྱག་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། ཨུ་རུ་སུ་དང་མོང་གོལ་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་དེ་བས་མང་བ་མི་དམངས་ཤོག་སྒོར་ས་ཁོངས་སྒྲོལ་ནས་གཏོང་སྤྲོད་བྱེད་པའི་མ་ལག་ནང་ཞུགས་རྒྱུར་དགའ་བསུ་ཞུས་ཏེ། ས་ཁུལ་གྱི་དངུལ་རྩའི་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་དགོས།
   ཕུའུ་ཅིང་གིས་གསུངས་དོན། ཨུ་ཀྲུང་མོང་བཅས་ཕྱོགས་གསུམ་པོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གཉིས་ཕན་རང་བཞིན་མངོན་གསལ་དོད་པོ་ཡོད་པས། ཕན་ཚུན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཟུར་བསྣན་རིན་ཐང་བསྣན་ཡོད། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་རྒྱལ་ཁབ་གསུམ་པོས་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གསུམ་པོའི་མཉམ་ལས་ཕྱོགས་ཡོངས་ནས་སྲ་བརྟན་དང་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གསུམ་པོའི་ཁེ་ལས་མཁས་ཅན་དབར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས། འགྲིམ་འགྲུལ་དང་། ཟོག་འགྲེམས། རྒྱལ་སྒྲོལ་སྐྱེལ་འདྲེན། ནུས་རྒྱུ། མཐོ་གསར་ལག་རྩལ། ཡུལ་སྐོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མང་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
   ཧུའུ་རི་ལེ་སུའུ་ཧོ་ཡིས་གསུངས་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་དང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་དེ་ཡིན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག མོང་ཀྲུང་ཨུ་བཅས་ཕྱོགས་གསུམ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་དང་ཕྱོགས་གསུམ་གྱི་ཚོང་དོན་དང་། མ་འཇོག ཁོར་ཡུག ནུས་རྒྱུ། ལྕགས་ལམ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རིམ་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
   ཕྱོགས་གསུམ་པོས《ཀྲུང་མོང་ཨུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུའི་འཆར་འགོད་རྩ་གནད》ལོ་5ནར་འགྱངས་བྱ་རྒྱུའི་གཏན་འཁེལ་བྱས་ཏེ། ཀྲུང་མོང་ཨུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་བར་རྒྱུད་ལྕགས་ལམ་གྱི་རིམ་སྤོར་སྒྱུར་བཀོད་དང་འཕེལ་རྒྱས་ཀྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་དངོས་སུ་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་རང་བྱུང་སོལ་རླངས་མདོང་ལམ་མོང་གོལ་རྒྱལ་ཁབ་ཏུ་སྐྲུན་པའི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་གྲོས་མོལ་བྱས་པ་རེད། 

  
style="display:none;"