མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་17ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སཱ་མར་ཧན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འབྱུང་འགྱུར་གྱི་བདེ་སྐྱིད་ལ་དམིཌ་ཏེ། ཕྱོཌ་གཉིས་པོས་གཉིས་ཁེ་མཉམ་ལས་རྒྱ་ཆེར་གཏོང་བ་དང་མཛའ་གྲོགས་དང་རོགས་ཟླའི་འབྲེལ་བ་བརྟན་དུ་བཏང་ནས་ཕྱོགས་གཉིས་པོའི་ངོས་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
    སྟོན་དུས་ཀྱི་སཱ་མར་ཧན་དུ་ཉི་འོད་རབ་ཏུ་འཚེར་བ་དང་ནམ་མཁའ་གཡའ་དག་ལ་རླུང་བུ་སིལ་སིལ་དུ་ལྡང་། ཉེ་དུས་བསྐྲུན་ཟིན་པའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད།
    ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཡི་ཐོག་ཞི་ཅིན་ཕིང་རླངས་འཁོར་ལ་ཞུགས་ཏེ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ཕེབས་འབྱོར་ཟིན་མ་ཐག་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་རླངས་འཁོར་བབས་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད། སྨིར་ཅི་གཡོད་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་མི་རིགས་ཀྱི་སྲོལ་རྒྱུན་གཞི་རྒྱུ་དང་དེང་རབས་ཀྱི་དར་སྲོལ་ཇུས་འགོད་ཟབ་མོ་ལྡན་པའི་ཀྲུང་དབྱང་ཚོམས་ཆེན་བརྒྱུད་བྱང་སྒོའི་ཐང་ཆེན་དུ་ཕེབས་པ་རེད།
    སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་དམག་གཟིགས་སྟེགས་བུའི་ཐོག་ཕེབས་ཤིང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་བླངས་པ་རེད། སྨིར་ཅི་གཡོད་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རང་སོ་སོའི་ཕེབས་རོགས་ངོ་སྤྲོད་གནང་བ་མ་ཟད། ལྷན་དུ་རུ་སྟར་ཁག་བགོས་ལའང་གཟིགས་པ་རེད།
    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དངོས་གཞིའི་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨུ་ཕྱོགས་གཉིས་པོས་ཕན་ཚུན་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཉམ་ལས་བྱེད་མགྱོགས་སུ་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་ཐབས་བྱེད་དགོས། དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་ཆེན་པོ་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་རྒྱུ་དང་། ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་ལོངས་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་བསྐྲུན་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ཁེར་ཨུ་ལྕགས་ལམ་སྔ་ཙམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ནུས་རྒྱུའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་བདེ་འཇགས་གཉེར་སྐྱོང་གི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ་དང་། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་སྣ་མང་ཕྱོགས་བསྡུས་ནུས་རྒྱུའི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར། ས་གནས། ཁོར་ཡུག་སྲུང་སྐྱོང་།
   གནའ་རྫས་རྟོག་ཞིབ་སོགས་མི་ཆོས་སྤེལ་རེས་དང་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ནས་བཏོན་པའི“ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོ་མི་དམངས་ཀྱི་རིག་གནས་སྒྱུ་རྩལ་ལོའི”གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་པ། ཕན་ཚུན་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དུས་རབས་གསར་པའི་ཀྲུང་ཨུའི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་འདིང་དགོས། ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞོན་ནུ་ཀྲུང་གོར་རྒྱ་ཡིག་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་སྨན་བཅོས་དང་། རིམས་འགོག་སྨན་ཁབ། སྨན་བཟོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་བྱས་ནས་ཨུ་ཟ་བྷེ་ཁི་སི་ཐན་དུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ཐད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་རོགས་རམ་བྱེད་དགོས།
    སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ཐོབ་པ་དང་མཛའ་མཐུན་ལྡན་པའི་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་ཐའེ་དབན་དང་ཤིན་ཅང་དང་འབྲེལ་བ་ཡོད་པ་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨུ་ཟ་བྷེ་ཁི་སི་ཐན་ནི་ནམ་ཡང་ཀྲུང་གོས་ཡིད་ཆེས་བྱེད་ཆོག་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་རེད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་དཔྱད་གཞིར་འཛིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་ཏེ་ཀྲུང་ཁེར་ཨུ་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚོང་དོན་དང་། མ་འཇོག རང་བྱུང་སོལ་རླངས། ནུས་རྒྱུ་གསར་པ། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད། རིག་གནས། ས་གནས། མི་ཆོས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད།
    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ལས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། རིག་གནས། ས་གནས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད།
    འཚམས་འདྲི་གནང་རིང་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས《ཀྲུང་ཁེར་ཨུ་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས(ཁེར་གྷི་སི་ཐན་མངའ་ཁོངས་ཀྱི་དུམ་བུ)མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར》མཚན་རྟགས་བཀོད་པ་རེད།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་གྲོས་མོལ་གནང་བ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་མར་ཧན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་གྲོས་མོལ་གནང་བ།

  
style="display:none;"