མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དངུལ་ཁང་གིས་བརྡ་ཐོ་བཏང་སྟེ་ཕྱི་རྒྱལ་གྱི་སྒྲིག་གཞིའི་མ་འཇོག་པས་དངུལ་
ཁང་དབར་གྱི་ཁྲོམ་རར་མ་འཇོག་ལས་དོན་སྐོར་ཁ་གསལ་བཟོས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་《ཕྱི་རྒྱལ་གྱི་ཀྲུང་དབྱང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་རྩའི་རྩ་འཛུགས། བདག་དབང་ཡོད་པའི་རྒྱུ་ནོར་ཐེབས་རྩ་བཅས་ཀྱིས་མི་དམངས་ཤོག་སྒོར་སྤྱད་དེ་དངུལ་ཁང་དབར་གྱི་ཁྲོམ་རར་མ་འཇོག་གི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ་》བཏང་བ་རེད།
          བརྡ་ཐོའི་ནང་ཕྱི་རྒྱལ་གྱི་ཀྲུང་དབྱང་དངུལ་ཁང་ངམ་ཡང་ན་དངུལ་ལོར་དབང་འཛིན་ལས་ཁུངས་དང་། རྒྱལ་སྤྱིའི་དངུལ་རྩའི་རྩ་འཛུགས། བདག་དབང་ཡོད་པའི་རྒྱུ་ནོར་ཐེབས་རྩ་(སྤྱི་མིང་ལ་ཕྱི་རྒྱལ་གྱི་འབྲེལ་ཡོད་སྒྲིག་གཞིའི་མ་འཇོག་པ་ཞེས་བརྗོད་རྒྱུ)བཅས་ཀྱིས་དངུལ་ཁང་དབར་གྱི་ཁྲོམ་རར་ཞུགས་སྐབས་ཀྲུང་གོ་མི་དམངས་དངུལ་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཐོ་འགོད་སྙན་སེང་ཞུས་རྗེས་ཕྱི་རྒྱལ་གྱི་འབྲེལ་ཡོད་སྒྲིག་གཞིའི་མ་འཇོག་པས་དངུལ་ཁང་དབར་གྱི་ཁྲོམ་རར་དངུལ་ལོར་ཉོ་སྒྲུབ་དང་། བུན་ལོར་གཡར་སྐྱི། སྐྱེད་ཚད་ཕབ་རྩིས། ཡུན་རིང་སྐྱེད་ཚད་གྲོས་མཐུན་སོགས་ཀྲུང་གོ་མི་དམངས་དངུལ་ཁང་གི་ཆོག་མཆན་ཐོབ་པའི་ཉོ་ཚོང་ལས་སྒོ་སྤེལ་ཆོག་པ་མ་ཟད། ད་དུང་མ་འཇོག་གཞི་ཁྱོན་རང་ཚུགས་ཐོག་ནས་གཏན་འཁེལ་ཡང་བྱེད་ཆོག་ཅེས་གསལ་པོར་བཏོན་ཡོད་པ་རེད།
          བརྡ་ཐོའི་ནང་ཕྱི་རྒྱལ་གྱི་འབྲེལ་ཡོད་སྒྲིག་གཞིའི་མ་འཇོག་པས་ཀྲུང་གོ་མི་དམངས་དངུལ་ཁང་ངམ་ཡང་ན་རྒྱལ་སྤྱིའི་རྩིས་རྒྱག་ལས་སྒོའི་ནུས་པ་ལྡན་པའི་དངུལ་ཁང་དབར་གྱི་ཁྲོམ་རའི་རྩིས་རྒྱག་ལས་ཚབ་མི་སྣར་ཉོ་ཚོང་དང་རྩིས་རྒྱག་གི་་མངགས་བཅོལ་བྱེད་དགོས། དངུལ་ཁང་དབར་གྱི་ཁྲོམ་རའི་རྩིས་རྒྱག་ལས་ཚབ་མི་སྣར་ཉོ་ཚོང་དང་རྩིས་རྒྱག་གི་མངགས་བཅོལ་བྱས་པའི་རིགས་རྩིས་རྒྱག་ལས་ཚབ་གྲོས་མཐུན་ཡི་གེ་འཇོག་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་ཧྲང་ཧའེ་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།