མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མེང་ཅན་ཀྲུའུ་ཡིས་ཁྲིམས་ལྟར་ཁྲིམས་ཆད་འཁུར་བའི་མི་སྣ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་
ཐང་འགན་སྲུང་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་17ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་མེང་ཅན་ཀྲུའུ་ཡིས་རྒྱལ་ཡོངས་བཙོན་ཁང་ལས་དོན་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱེད་ཅིང་། སློབ་གསོ་དོ་དམ་བྱེད་རྒྱུ་བཙོན་ཁང་ལས་དོན་གྱི་ལྟེ་བའི་ལས་འགན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བཙོན་ཁང་གི་སློབ་གསོ་དོ་དམ་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མ་ཆད་པར་མཐོ་རུ་བཏང་སྟེ་ཁྲིམས་ཆད་འཁུར་བའི་མི་སྣ་སྔར་ལས་མང་བ་ཁྲིམས་ཁུར་དུས་ཚད་གཙང་ནས་གློད་འགྲོལ་བཏང་རྗེས་སྤྱི་ཚོགས་སུ་སྔར་ལས་ལེགས་པར་ཞུགས་ཏེ་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དུ་འཇུག་པར་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         མེང་ཅན་ཀྲུའུ་ཡིས་བཙོན་ཁང་གི་སློབ་གསོ་དོ་དམ་ལས་དོན་སྒྲུབ་རིང་བསགས་པའི་ཉམས་མྱོང་རིན་ཐང་བྲལ་བ་རྣམས་ཕྱོགས་བསྡོམས་ནན་ཏན་བྱས་ནས་བསམ་གཞིའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ་ཡོངས་ཁྱབ་སློབ་གསོ་དང་བྱེ་བྲག་ཏུ་སློབ་གསོ་ཟུང་འབྲེལ་དང་། སྲོལ་རྒྱུན་གྱི་སློབ་གསོ་དོ་དམ་བྱེད་སྟངས་དང་དེང་རབས་ཀྱི་སློབ་གསོ་བསྲང་བཅོས་ལག་རྩལ་ཟུང་འབྲེལ་བྱས་ཏེ་སློབ་གསོ་བསྲང་བཅོས་ནང་དོན་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀུན་སྤྱོད་དང་། རིག་གནས། བཅའ་ཁྲིམས་ལ་སོགས་པའི་ཐད་ཕྱོགས་བསྡུས་ཀྱིས་བྱེད་ཐབས་ལག་ལེན་དུ་བསྟར་ནས་སློབ་གསོ་དོ་དམ་ལས་དོན་གྱི་དམིགས་ས་ཡོད་པའི་རང་བཞིན་དང་ཕན་ནུས་དངོས་ཐོན་གྱི་རང་བཞིན་མཐོ་རུ་གཏོང་དགོས་པ་དང་། སློབ་གསོ་དོ་དམ་ལས་དོན་བཙོན་ཁང་ཕྱིར་ཁྱབ་སྤེལ་བཏང་སྟེ་སྤྱི་ཚོགས་ཀྱི་སེམས་འཁུར་བྱེད་པའི་རོགས་སྐྱོར་མ་ལག་འཛུགས་སྐྱོང་བྱས་ནས་ཁྲིམས་ཆད་འཁུར་བའི་མི་སྣ་ཚོ་ཁྲིམས་ཁུར་དུས་ཚད་གཙང་ནས་གློད་འགྲོལ་བཏང་རྗེས་བདེ་བླག་ངང་སྤྱི་ཚོགས་སུ་ཞུགས་ཐུབ་པར་སྐུལ་སྤེལ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
         མེང་ཅན་ཀྲུའུ་ཡིས་བཙོན་ཁང་དུ་ཁྲིམས་ཆད་ལག་བསྟར་གྱི་ངོ་བོ་ཁོང་ཆུད་ཡང་དག་པར་བྱེད་པ་དང་། ཁྲིམས་འཛིན་ཚད་གཞི་དང་ཆ་རྐྱེན་ཞིབ་ཕྲ་ཅན་དུ་བཟོ་ཞིང་། ཁྲིམས་འཛིན་གྱི་གོ་རིམ་དམ་ནན་བྱས་ཏེ་ཁྲིམས་ཆད་བཅའ་ཡང་དུ་གཏོང་བ་དང་། ཚོད་བགམ་གློད་འགྲོལ་གཏོང་བ། གནས་སྐབས་ཀྱི་བཙོན་ཕྱིའི་ལག་བསྟར་བྱེད་པ་ལ་སོགས་པའི་ལས་དོན་ཁག་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པར་འགན་ལེན་ཏན་ཏིག་བྱས་ཐོག་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། ཁྲིསས་ལྟར་ཁྲིམས་ཆད་འཁུར་བའི་མི་སྣ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པ་དང་། མིའི་མཚན་ཉིད་ལ་བརྩི་འཇོག་ཏན་ཏིག་བྱས་ནས་ཁོ་ཚོས་མི་ཆོས་རིང་ལུགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         མེང་ཅན་ཀྲུའུ་ཡིས་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་བློས་བཀལ་ཆོག་པ་དང་ཉམས་སད་ཐེག་ཐུབ་པའི་བཙོན་སྲུང་ལས་བྱེད་པ་དང་ཉེན་རྟོག་པའི་དཔུང་སྡེ་ཞིག་འཛུགས་སྐྱོང་འབད་བརྩོན་ཆེན་པོ་བྱས་ཏེ་ཁོང་ཚོས་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཐུབ་པ། ལས་ལ་བརྩོན་པ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ལས་བྱེད་པ་དང་ཉེན་རྟོག་པ་ཚོར་བསམ་བློ་དང་ཆབ་སྲིད་ཐད་སེམས་ཁུར་སྔར་ལས་ལྷག་པ་དང་། ལས་ཀ་དང་འཚོ་བའི་ཐད་གཅེས་སྐྱོང་སྔར་ལས་ལྷག་པར་བྱས་ཏེ་ཁོང་ཚོས་དགའ་སྤྲོའི་ངང་ལས་ལ་བརྩོན་པ་དང་བདེ་སྐྱིད་ངང་འཚོ་བ་སྐྱེལ་བའི་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཀུའོ་ཧྲེང་ཁུན་དང་། ཀྲོའུ་ཆང་། ཚའོ་ཅན་མིང་བཅས་གྲོས་ཚོགས་ལ་ཞུགས་པ་རེད།