མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕོ་བྲང་དཀར་པོར་ཨ་རིའི་ཙུང་ཐུང་ཨའོ་པ་མས་གཉེར་བའི་
དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་28ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕོ་བྲང་དཀར་པོར་ཨ་རིའི་ཙུང་ཐུང་ཨའོ་པ་མས་གཉེར་བའི་
དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མས་ཕོ་བྲང་དཀར་པོའི་ལྷོ་ངོས་ཀྱི་སྤང་ལྗོངས་ཐོག་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། མཉམ་ལས་གཉིས་ཕན་ནི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གདམ་ག་ཡང་དག་ཉག་ཅིག་དེ་རེད། ང་ཚོས་ཡིད་ཆེས་བརྟན་པོ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་9པའི་ཝ་ཧྲིང་ཐོན་དུ་བསིལ་རླུང་དལ་བུར་ལྡང་བ་དང་སྟོན་ཀའི་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་ཡོད། ཆུ་ཚོད་8དང་སྐར་མ་30ཡོལ་ཙམ་ལ་སྐད་གསང་མཐོ་བའི་དམག་མིའི་རོལ་ཆའི་སྒྲ་གྲགས་པ་དང་། གཟབ་སྦྲེང་རུ་ཁག་ཕོ་བྲང་དཀར་པོའི་ལྷོ་ངོས་ཀྱི་སྤང་ལྗོངས་ཐོག་རུ་བསྒྲིགས་ནས་དགའ་བསུ་ཞུ་རྒྱུར་སྒུག་ནས་བསྡད་པ། ལག་ཏུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་འཁྱེར་བའི་གུས་དམག་ལྷོ་ངོས་ཀྱི་སྤང་ལྗོངས་སུ་ཕྱོགས་པའི་ཕོ་བྲང་དཀར་པོའི་ཉི་ཁྱམས་དང་རྡོ་སྐས་གཡས་གཡོན་དུ་ལངས་ནས་བསྡད་པ། དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་མཁན་ལས་རིགས་ཁག་གི་མི་སྣ་སྔ་ས་ནས་ལྷོ་ངོས་ཀྱི་སྤང་ལྗོངས་ཐོག་སྒུག་ནས་བསྡད་ཡོད་པ་རེད།
          ཆུ་ཚོད་9པ་ཡོལ་ཙམ་དུ་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རླངས་འཁོར་ལ་བཞུགས་ཏེ་ཕོ་བྲང་དཀར་པོའི་ལྷོ་ངོས་ཀྱི་སྤང་ལྗོངས་ཐོག་ཕེབས་པ་དང་། རླངས་འཁོར་ནས་བབས་སར་ཨའོ་པ་མ་དང་ཁོང་གི་སྐུ་ཟླས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། ཨའོ་པ་མའི་ཕེབས་རོགས་འོག་ཞིས་ཅིན་ཕིང་དགའ་བསུ་ཞུ་ཁུལ་དུ་ཕེབས་པ་དང་འབྲེལ་ས་གདན་དམར་པོ་བརྒྱུད་གཟིགས་སྟེགས་ཐོག་ཕེབས་པ་རེད། རོལ་དབྱངས་རུ་ཁག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཀྲོལ་བ་དང་རྟེན་འབྲེལ་ཞུ་བའི་མེ་སྒྱོགས་ཐེངས་21བརྒྱབ། ཞིས་ཅིན་ཕིང་གིས་ཨའོ་པ་མའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་། ལུས་ལ་སྲོལ་རྒྱུན་གྱི་དམག་གོས་གྱོན་པའི་དམག་མིའི་རོལ་ཆ་རུ་ཁག་གིས་གླིང་བུ་དང་དམག་དུང་བཏང་བའི་ཁར་རྔ་རོལ་མཉམ་དཀྲོལ་གྱིས་གཟིགས་སྟེགས་མདུན་ནས་བསྐྱོད་དེ་གཟིགས་ཞིབ་དང་ལེན་བྱས། དགའ་བསུ་ཞུ་མཁན་མི་ཚོགས་ཀྱིས་ཀྲུང་ཨའི་རྒྱལ་དར་གཡུག་གཡུག་བྱས་ནས་ཞིས་ཅིན་ཕིང་ལ་དགའ་འབོད་འཚམས་ཞུ་བྱས་པ་དང་། ཞིས་ཅིན་ཕིང་གིས་སྟར་པ་མདུན་མར་ལངས་པའི་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་ཁོ་ཚོར་འཚམས་འདྲི་ཞུས་པ་རེད།
         གཟིགས་ཞིབ་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་དང་ཨའོ་པ་མ་རྣམ་གཉིས་ཀྱིས་ཤིས་ཚིག་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཨ་རིའི་མི་དམངས་ཚོར་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་ནི་རླབས་ཆེན་གྱི་རྒྱལ་ཁབ་གཉིས་ཡིན་པ་དང་། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་ཡིན། ཀྲུང་ཨའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱིས་རླུང་བརྟེན་རླབས་གཤགས་དང་ཞུན་བརྡར་མདུན་སྐྱོད་ཀྱི་འབྲེལ་བ་མཐའ་འཁྱོངས་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ན་གཅིག་དང་གཅིག་བསྡོམས་ན་གཉིས་ལས་ཆེ་བ་ཡོང་བའི་སྟོབས་ཤུགས་ཤིག་ཐོན་ངེས་རེད། ང་ད་ཐེངས་ཨ་རིར་འཚམས་འདྲིར་ཡོང་དོན་ནི་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་དེ་བས་མང་བར་བདེ་སྐྱིད་སྔར་བས་མང་བ་བསྐྲུན་འདོད་ཡོད་པ་དེ་ཡིན། ང་ཚོས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་གཏོད་པའི་ཡང་དག་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཞི་བདེ་དང་། བརྩི་འཇོག མཉམ་ལས་བཅས་བྱ་རྒྱུ་དེ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བརྗོད་དོན་གཙོ་བོར་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་གི་སྲོལ་ལམ་བརྒྱུད་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དང་ཐོག་ཨའོ་པ་མས་རྒྱ་སྐད་ཀྱི་ཐོག་ནས“སྐུ་ཁམས་བཟང”ཞེས་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་འཚམས་ཞུ་བྱས་པ་དང་། ཞིས་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཨ་རིར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཨའོ་པ་མས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པ་ནི་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་གལ་ཆེའི་དཔང་པོ་ཞིག་རེད་ཅེས་གསུངས་པ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་ཞུ་མཁན་དང་། ཨ་རིའི་ཙུང་ཐུང་གཞོན་པ་པའེ་ཏེང་དང་རྒྱལ་དོན་བློན་ཆེན་ཁེ་ལི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།