མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུ་ཚོགས་ལ་ཕེབས་པ་
མ་ཟད་གལ་ཆེའི་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་29ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུ་ཚོགས་ལ་ཕེབས་པ་
མ་ཟད་གལ་ཆེའི་གསུང་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུ་ཚོགས་ལ་ཕེབས་པ་མ་ཟད་《ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་དོན་གཉེར་བྱས་ནས་མཉམ་ལས་དང་གཉིས་ཕན་གྱི་རོགས་ཟླ་བྱེད་དགོས་》ཞེས་བརྗོད་བྱ་གཙོ་བོར་བྱེད་པའི་གལ་ཆེའི་གསུང་བཤད་གནང་ནས་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་འགོ་འཛུགས་ས་གསར་པར་བྱས་ཏེ་ཐུན་མོང་ཐོག་དྲང་གཞག་དང་། སྒོ་དབྱེ། ཕྱོགས་ཡོངས། གསར་གཏོད་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཀྲུང་གོས་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དེ་ལས་འགན་ལ་བརྩིས་ནས་མཐུན་སྒྲིལ་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་བྱ་གཞག་འཕེལ་རྒྱས་ཟམ་མི་ཆད་པར་མདུན་ཕྱོགས་སུ་བསྐྱོད་རྒྱུའི་སྐུལ་མ་བཏང་བ་རེད།
         ཞིས་ཅིན་ཕིང་གིས་ད་རེས་ཀྱི་དབུ་ཚོགས་ཐོག་གྲོས་འཆམ་བྱུང་བའི་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་ཕུགས་རེ་གསར་པ་ཞིག་བཀོད་པ་དང་། རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ཆེད་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། ང་ཚོས་དྲང་གཞག་ངང་འཕེལ་རྒྱས་བརྩོན་ལེན་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་དོ་སྙོམས་ཡོང་བ་བྱེད་དགོས། དམིགས་ཚད་གཅིག་པའི་ཐོག་རྒྱལ་ཁབ་ཁག་གིས་ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲི་འཁུར་དགོས་ངེས་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་འདྲ་མཉམ་ངང་ལམ་སྲོལ་བཟོ་བའི་ནང་ཞུགས་དབང་སྤྲོད་དགོས། ང་ཚོས་སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཕྱོགས་ཚང་མའི་ཐད་ཕན་པ་ཐོབ་པ་བྱེད་དགོས། རྒྱལ་ཁབ་ཁག་གིས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་བཏོད་དེ་ཐུན་མོང་ཐོག་གྲོས་མོལ་དང་། ཐུན་མོང་ཐོག་འཛུགས་སྐྲུན། ཐུན་མོང་ཐོག་མཉམ་སྤྱོད་བཅས་ཐུབ་པ་བྱེད་དགོས། ང་ཚོས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དོན་གཉེར་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པོ་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱས་ཏེ་མི་དང་སྤྱི་ཚོགས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས། ང་ཚོས་གསར་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཁག་གིས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ། སྲོག་ཤིང་གི་འགྲན་ནུས་གསར་པ་སྐྱེད་བསྲིང་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་དགོས། རྒྱལ་སྤྱིའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱས་ཏེ་ཞི་བདེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེ་སྲ་བརྟན་གཏོང་དགོས། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་སྒྱུར་བཅོས་གང་མགྱོགས་བྱེད་དགོས་པ་དང་། ཕྱོགས་མང་གསར་སྤེལ་སྒྲིག་གཞིས་འཕེལ་རྒྱས་ཀྱི་ཐོན་ཁུངས་རྒྱ་ཆེར་གཏོང་དགོས། རོགས་ཟླའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་བཏང་ནས་ལྷོ་བྱང་མཉམ་ལས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་མཐའ་འཁྱོངས་ཀྱིས་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་རྩ་འཛུགས་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས་ས་ཁོངས་ནང་ངོས་ཀྱི་ལེགས་ཆ་གསབ་རེས་བྱས་པ་བརྒྱུད་སྤྱི་ཡོངས་ཀྱི་འགྲན་ནུས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་30ལྷག་ཙམ་ནང་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ནས་དབུལ་པོ་མི་འབོར་དུང་ཕྱུར་4.39ཉུང་དུ་ཕྱིན་པ་དང་། སློབ་གསོ་དང་། འཕྲོད་བསྟེན། བུད་མེད་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་ངོ་60ལྷག་ཙམ་ནང་ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་166དང་རྒྱལ་སྤྱིའི་རྩ་འཛུགས་ལ་མི་དམངས་ཤོག་སྒོར་དུང་ཕྱུར་4000ལྷག་ཙམ་རོགས་སྐྱོར་བྱས་པ་དང་རོགས་སྐྱོར་མི་སྣ་ཁྲི་60ལྷག་ཙམ་མངགས་གཏོང་བྱས་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོས་ལ་རྒྱ་དང་ཁེ་ཕན་མཉམ་འཛིན་དང་ལ་རྒྱ་སྔོན་འཛིན་གྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས“ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩ”བཙུགས་ཏེ་ཐོག་མར་ཨ་སྒོར་དུང་ཕྱུར་20མཁོ་འདོན་བྱས་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་མ་འཇོག་བྱ་ཤུགས་ཟམ་མི་ཆད་པར་མུ་མཐུད་ཆེ་རུ་བཏང་ནས་2030ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་120ཟིན་པ་བྱ་རྒྱུ་ཡིན། ཀྲུང་གོས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་དང་། སྐམ་སའི་དབུས་ཁུལ་གྱི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ། གླིང་ཕྲན་ཆུང་གྲས་ཀྱི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ལ་2015ལོའི་ལོ་མཇུག་ཏུ་དུས་བཀག་སླེབས་རུང་འཇལ་མ་ཐུབ་པའི་སྲིད་གཞུང་དབར་གྱི་སྐྱེད་མེད་དངུལ་བུན་གྱི་བུ་ལོན་རྩ་ཆག་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་ཤེས་བྱའི་ལྟེ་གནས་བཙུགས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་རིག་གཞུང་དང་འཕེལ་རྒྱས་ཀྱི་ལག་ལེན་ཞིབ་འཇུག་དང་སྤེལ་རེས་བྱ་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་འཕྲིན་སྦྲེལ་དྲ་བ་དཔྱད་བསྡུར་གྱིས་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ་བྱ་ཐབས་ནུས་ལྡན་ཐོག་ནས་གོ་ལ་ཧྲིལ་པོའི་གློག་ཤུགས་ཀྱི་དགོས་མཁོ་སྐོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་མུ་མཐུད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་རྒྱུ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་སྔ་ཙམ་མ་འཇོག་གིས་སྤྱོད་ཐུབ་པ་དང་ནུས་པ་འདོན་རྒྱུར་སྐུལ་མ་བཏང་ནས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་བ་དང་དམངས་འཚོ་ལེགས་བཅོས་ཐད་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོས་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་ལས་འགན་ལ་བརྩིས་ནས་མཐུན་སྒྲིལ་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་བྱ་གཞག་འཕེལ་རྒྱས་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་མ་གཏོང་རྒྱུའི་ཁས་ལེན་བྱས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཞིས་ཅིན་ཕིང་གིས་གོང་གསལ་གྱི་བྱེད་ཐབས་ཁྱབ་བསྒྲགས་གནང་སྐབས་ཚོགས་ར་ཧྲིལ་པོར་ཐལ་མོའི་རྡེབ་སྒྲས་ཁེངས།