མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཨ་རིའི་ཕྱིར་སྡོད་རང་མིའི་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་
ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་28ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཨ་རིའི་ཕྱིར་སྡོད་རང་མིའི་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་
ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཤིས་ཡ་ཐུར་ཨ་རིའི་ཕྱིར་སྡོད་རང་མིའི་དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་དང་། ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་ཕུགས་འདུན་རེད། དེ་རིང་ང་ཚོ་ནི་ལོ་རྒྱུས་ཀྱི་དུས་ཚོད་གང་འདྲ་ཞིག་ལས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་དམིགས་ཡུལ་དང་དེ་བས་ཉེ་བ་ཡོད། རྒྱ་ཆེའི་ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླས་རླབས་ཆེན་གྱི་བརྒྱུད་རིམ་ནང་དམིགས་བསལ་གྱི་ལེགས་སྐྱེས་འབུལ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མེས་རྒྱལ་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཨ་རིར་ལས་ཀ་དང་འཚོ་བ་སྐྱེལ་མཁན་གྱི་སྤུན་ཟླ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་གནང་བ་དང་། ཞིས་ཅིན་ཕིང་གིས་རྒྱ་ཆེའི་ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླས་འབད་འབུངས་ཧུར་ཐག་དང་དཀའ་སྤྱད་ལས་སྐྲུན་གྱིས་ཨ་རིའི་འཕེལ་རྒྱས་དང་གྲ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཨ་རིའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། ལོ་150ཡི་གོང་དུ་ཀྲུང་གོའི་ལས་མི་ཁྲི་ཚོ་མང་པོ་ཨ་རིར་འབྱོར་བ་དང་ཨ་རིའི་ཞི་བདེ་རྒྱ་མཚོའི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་ཏེ་ཨ་རིའི་ནུབ་རྒྱུད་དུ་བསྐྱོད་རྒྱུའི་འཐབ་ཇུས་ཀྱི་འགྲོ་ལམ་ཆེན་པོ་འདིང་བ་དང་ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླའི་འབད་འཐབ་དང་། ཡར་བརྩོན། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཀྱི་མཛད་རྗེས་ཆེན་པོར་གྱུར་ཡོད། ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླས་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་ལ་སེམས་ཁུར་བྱེད་པ་དང་། མེས་རྒྱལ་གྱིས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རོགས་སྐྱོར་ཧུར་ཐག་བྱེད་པ། མེས་རྒྱལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་མེས་རྒྱལ་གོང་འཕེལ་དང་། གཅིག་གྱུར། མི་རིགས་བསྐྱར་དར་བཅས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཞུགས་མཁན་དང་། འཛུགས་སྐྲུན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་པས་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་མཛའ་གྲོགས་དང་མཉམ་ལས་ཀྱི་སྦྲེལ་ཟམ་བསྐྲུན་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་30ལྷག་ཙམ་རིང་གི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ནི་རྒྱ་ཆེའི་ཨ་རིར་བཅའ་སྡོད་ཕྱིར་སྡོད་སྤུན་ཟླའི་འབད་བརྩོན་ཧུར་ཐག་དང་ཁ་བྲལ་ཐབས་གཏན་ནས་མེད་པ་ཞིག་རེད་ཅེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ནང་གི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ། ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་བཅས་ངོ་སྤྲོད་གནང་བ་མ་ཟད། ཕྱིར་སྡོད་སྤུན་ཟླ་ཚོར་རེ་བ་ཁག་གསུམ་བཏོན་པ་སྟེ། གཅིག་ནི་ཨ་རིའི་གཙོ་རྒྱུན་སྤྱི་ཚོགས་ནང་ཧུར་ཐག་ཚུད་ཐུབ་པ་བྱེད་པ་དང་། གནས་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། ས་གནས་དེ་གའི་གོམས་སྲོལ་ལ་བརྩི་འཇོག་བཅས་བྱས་ནས་མི་རྒྱུད་ཁག་གི་མི་དམངས་དང་ཞི་མཐུན་མཉམ་གནས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། གཉིས་ནི་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་གནས་ཚུལ་ཤེས་པ་དང་ཀྲུང་གོ་དང་ཨ་རིའི་མཉམ་འདྲེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀྲུང་ཨའི་གཉིས་ཕན་མཉམ་ལས་ཆེད་འབྲེལ་ཟམ་འཛུགས་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་དྲང་ནུས་མང་དུ་གཏོང་བ། ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ལ་ནུས་ཤུགས་འདོན་པ། གསུམ་ནི་ཀྲུང་ཧྭའི་རིག་གནས་རང་འགུལ་ངང་དྲིལ་བསྒྲགས་ཧུར་ཐག་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དེ་ཨ་རིའི་མི་དམངས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།