མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ནང་ཞུགས་པ་དང་འབྲེལ་གསུང་
བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་30ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ནང་ཞུགས་པ་དང་འབྲེལ་གསུང་
བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ནང་ཞུགས་པ་དང་འབྲེལ་གཙོ་སྐྱོང་ཡང་གནང་བ་རེད། ཞིས་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་འགོ་བརྗོད་དུ་《བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་འཛུགས་སྐྱོང་དང་ཐུན་མོང་ཐོག་ལོངས་སྤྱོད་བྱེད་དགོས་》ཞེས་པའི་གསུང་བཤད་གལ་ཆེན་གནང་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་ཀྲུང་གོའི་འདོད་ཚུལ་རྒྱས་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བ་དང་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་20འཁོར་བའི་དུས་དེར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། བུད་མེད་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། བུད་མེད་ཀྱི་བཅིངས་འགྲོལ་དང་ཡར་ཐོན་མེད་ན་མིའི་རིགས་ཀྱི་བཅིངས་འགྲོལ་དང་ཡར་ཐོན་ཡོང་མི་སྲིད། ཕོ་མོ་འདྲ་མཉམ་གྱི་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་པར་མིའི་རིགས་ཀྱིས་ཀྱག་ཀྱོག་དང་སྤྱིར་བཏང་མིན་པའི་ལོ་རྒྱུས་ཤིག་བརྒྱུད་ཡོད། ད་ཆ་རྒྱལ་ཁབ་ཁག་གིས་ཕོ་མོ་འདྲ་མཉམ་བརྩོན་ལེན་བྱེད་པའི་ཐུན་མོང་གི་ངོས་འཛིན་དེ་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྣ་མང་ཅན་དུ་སྔར་བས་འགྱུར་བ་དང་། བུད་མེད་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། དུས་མཚུངས་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་བུད་མེད་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བཞིན་དོ་སྙོམས་མེད་པ་དང་། ཕོ་མོའི་དབང་ཆ་དང་། གོ་སྐབས། ཐོན་ཁུངས་བགོ་བཤའ་བཅས་སྔར་བཞིན་དོ་སྙོམས་མེད་པ། སྤྱི་ཚོགས་ཀྱིས་བུད་མེད་ལ་སྔར་བཞིན་ངོས་འཛིན་ལེགས་པར་ཐུབ་མེད། ང་ཚོས་འབད་བརྩོན་ལྷོད་མེད་བྱས་ཏེ་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འདོད་ཚུལ་བཞི་བཏོན་གནང་བ་སྟེ། དང་པོ། བུད་མེད་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་གཉིས་དང་གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་འཕེལ་རྒྱས་འཐབ་ཇུས་བཟོས་ནས་བུད་མེད་རྣམས་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་འགན་ལེན་བྱེད་པ་དང་། རྒྱ་ཆེའི་བུད་མེད་རྣམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་པ། བུད་མེད་ཀྱི་ཁེ་དབང་འགན་ལེན་ཧུར་ཐག་བྱེད་དགོས། བུད་མེད་ཀྱི་ཁེ་དབང་འགན་ལེན་མ་ལག་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཇུག་པ་དང་། བུད་མེད་རྣམས་ཆབ་སྲིད་དང་དཔལ་འབྱོར་གྱི་བྱེད་སྒོའི་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་བ། བུད་མེད་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་འགན་ལེན་བྱེད་པ། བྱིས་པ་བུ་མོ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་དང་བདེ་འཇགས་ངང་སློབ་གྲྭར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ། བུད་མེད་ལ་ཁ་ཕྱོགས་པའི་ལས་རིགས་སློབ་གསོ་དང་ཚེ་གང་སློབ་གསོ་འཕེལ་རྒྱས་གཏོང་བ་བཅས་བྱེད་པ། གསུམ་པ། ཞི་མཐུན་དང་བཟོད་སྒོམ་གྱི་སྤྱི་ཚོགས་རིག་གནས་ཧུར་ཐག་བསྐྲུན་ཏེ་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་བུད་མེད་ལ་དམིགས་པའི་གཏུམ་སྤྱོད་མེད་པ་བཟོ་བ་དང་བུད་མེད་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་རྗེས་ལུས་ཀྱི་འདུ་ཤེས་དང་སྲོལ་རྙིང་མེད་པ་བཟོ་བ། བཞི་པ། བུད་མེད་འཕེལ་རྒྱས་ལ་ཕན་པ་ཡོད་པའི་རྒྱལ་སྤྱིའི་ཁོར་ཡུག་གཅིག་གཏོད་དགོས། ཞི་བདེའི་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཞི་བདེ་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། བུད་མེད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཁག་གི་བུད་མེད་ཀྱི་འཕེལ་རྒྱས་ཐད་ཀྱི་ཧེ་བག་ཆུང་དུ་གཏོང་བ་བཅས་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་བུད་མེད་ཚང་མར་མི་ཚེ་མཛེས་སྡུག་ལྡན་པ་བྱེད་པ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད། ཀྲུང་གོས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་སྔར་བས་ལག་བསྟར་ཧུར་ཐག་བྱས་ཏེ་བུད་མེད་ཀྱི་གནམ་ཕྱེད་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། བུད་མེད་ཀྱི་མི་ཚེའི་ཕུགས་བསམ་དང་འདུན་པ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སླད་ཕྱིན་གྱི་ལོ་ལྔའི་ནང་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ“བུད་མེད་དང་བྱིས་པའི་བདེ་ཐང་འདུ་འགོད”100དང“སྤྲོ་སྣང་ལྡན་པའི་སློབ་གླིང་འདུ་འགོད”100ལག་བསྟར་བྱེད་རོགས་བྱ་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཁྲི་3ཀྲུང་གོར་གསོ་སྦྱོང་ནང་ཞུགས་པར་གདན་ཞུ་བྱ་རྒྱུ་མ་ཟད། ས་གནས་དེ་གར་བུད་མེད་ཀྱི་ལས་རིགས་ལག་རྩལ་པ་ཁྲི་10གསོ་སྦྱོང་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཧྥན་ཅི་ཝུན་གྱིས་ཀྲུང་གོ་སྲིད་གཞུང་གིས་ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་ཚོགས་འདུ་དེ་རྒྱལ་སྤྱིའི་བུད་མེད་བྱ་གཞག་གི་ལམ་ཚད་རྡོ་རིང་ཞིག་རེད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རིང་ཕོ་མོ་འདྲ་མཉམ་འགན་ལེན་བྱེད་པའི་བྱ་ཐབས་སྤྱོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་80ཙམ་ཚུད་པའི་རྒྱལ་ཁབ་ཀྱི་འཐུས་མི་བརྒྱ་ཙམ་ཚོགས་འདུར་ཞུགས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་ཀྱི་གྲོས་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་གནང་བ་རེད། ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ད་ཐེངས་ཀྱི་དབུ་ཚོགས་དེ་གལ་འགངས་ཤིན་ཏུ་ཆེ། ཕོ་མོ་འདྲ་མཉམ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། འཛམ་གླིང་གི་བུད་མེད་ཚོགས་ཆེན་ཐེངས་བཞི་པ་འཚོགས་ཚུན་《པེ་ཅིང་གི་བསྒྲགས་གཏམ་》དང་《བྱ་སྤྱོད་ཀྱི་རྩ་འཛིན་》གྱི་ཁྲིད་སྟོན་འོག་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཀྱང་ཕྱོགས་ཡོངས་ནས་ཕོ་མོ་འདྲ་མཉམ་ཡོང་བ་བྱེད་པར་སྔར་བཞིན་ལས་འགན་ལྕི་ཞིང་ལམ་ཐག་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་མཐའ་འཁྱོངས་བྱས་ནས་དམག་འཁྲུག་གིས་མིའི་རིགས་དང་ལྷག་དོན་དུ་བུད་མེད་ལ་གནོད་འཚེ་མི་བཟོ་བ་བྱེད་དགོས། རྒྱལ་ཁབ་ཁག་གིས་འབད་བརྩོན་ལྷོད་མེད་བྱས་ནས་བུད་མེད་ཚོས་བདེ་འཇགས་དང་ལ་རྒྱ་དངོས་གནས་ལོངས་སྤྱོད་ཐུབ་པ་བྱེད་པ་དང་། གཏུམ་སྤྱོད་ཀྱི་གནོད་འཚེ་མི་ཕོག་པའི་འགན་ལེན་བྱེད་པ། བུད་མེད་ལ་སློབ་གསོ་དང་ལས་ཞུགས་ཀྱི་དབང་ཆ་ཐོབ་རྒྱུའི་འགན་ལེན་བྱེད་པ། བུད་མེད་ཕྱོགས་ཡོངས་ནས་དང་འདྲ་མཉམ་ངང་དཔལ་འབྱོར་དང་སྤྱི་ཚོགས་བྱེད་སྒོའི་ནང་གང་མགྱོགས་ཞུགས་ཐུབ་པའི་བརྩོན་ལེན་བཅས་བྱེད་དགོས་ཞེས་བཤད་པ་རེད།
         ཕེང་ལི་ཡོན་དང་། ཝང་ཧུའུ་ཉིང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གི་བྱེད་སྒོའི་ནང་ཞུགས་པ་རེད།