མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ“ཞི་བདེའི་བུམ་པ”འབུལ་བའི་
མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་30ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཉིའུ་གཡོད་དུ་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ“ཞི་བདེའི་བུམ་པ”འབུལ་བའི་མཛད་སྒོར་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ཡང་མཛད་སྒོར་ཞུགས་པ་རེད།
         མཛད་སྒོའི་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་ཆེད་ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ“ཞི་བདེའི་བུམ་པ”འབུལ་རྒྱུའི་ཐག་བཅད་པ་ཡིན། “ཞི་བདེའི་བུམ་པ”དེ་ཀྲུང་གོའི་གནའ་རབས་ཀྱི་ལིའི་ཆང་སྣོད”མ་དཔེར་བཟུང་ནས་བཟོས་པ་ཞིག་ཡིན། དེ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་ལ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྨོན་འདུན་བཟང་པོ་ཞུ་ལུགས་ཀྱང་མཚོན་གྱི་ཡོད། “ཞི་བདེའི་བུམ་པ”དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེང་དུས་ཀྱི་ཤེས་དཔལ་ལྡན་པ་མཚོན་གྱི་ཡོད་ལ་ཤེས་དཔལ་དང་རིག་གནས་མི་འདྲ་བ་སྤེལ་རེས་ལེན་རེས་དང་། ཀུན་འདུས་མཉམ་གསོག ཐུན་མོང་ཡར་རྒྱས་བཅས་བྱུང་བའང་མཚོན་གྱི་ཡོད། “ཞི་བདེའི་བུམ་པ”དེ་ལས་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་དོན་གཉེར་དང་། འཕེལ་རྒྱས་ཡོང་ཐབས། མཉམ་ལས་ཡར་སྐུལ། ཐུན་མོང་ཡར་འཕེལ་བཅས་ཀྱི་བསམ་འདུན་དང་ཡིད་ཆེས་ཀྱི་བསམ་པ་མངོན་པར་བྱས་ཡོད་ལ་དེའང་མཉམ་འབྲེལ་རྒྱལ་ཚོགས་ཁྲིམས་ལུགས་ཀྱི་དགོངས་དོན་ཡང་རེད། མཉམ་འབྲེལ་རྒྱལ་ཚོགས་ལོ་གསར་པ་བཅུ་ཡི་ཕྱོགས་སུ་སྐྱོད་པའི་དུས་དེར་ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མུ་མཐུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་འདུན་སྒྲུབ་ཕྱིར་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཕན་ཅི་ཝུན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་ཤིས་ཚིག་གསུང་སྐབས་ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ“ཞི་བདེའི་བུམ་པ”ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས“ཞི་བདེའི་བུམ་པ”དེ་ཐོག་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་ཐུན་མོང་རིན་ཐང་ལྟ་བ་མཚོན་གྱི་ཡོད་ལ་མཉམ་ལས་འབྲེལ་བ་ཟབ་མོ་ཡོད་པའང་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ཕྱིར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་བབ་གསར་པའི་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་ཉུང་དུ་གཏོང་རྒྱུ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་དང་ཕན་ཅི་ཝུན་གྱིས་གསུང་བཤད་གནང་རྗེས“ཞི་བདེའི་བུམ་པའི”ཞལ་ཁེབས་ཐུན་མོང་ཐོག་ཕྱེ་པ་རེད།
         “ཞི་བདེའི་བུམ་པ”དེ་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཅིང་ཐའེ་ལན་བཟོ་རྩལ་སྤྱད་ནས་བཟོས་པ་ཞིག་ཡིན་པ་དང་། “ཀྲུང་གོའི་ཚོས་གཞི་དམར་པོ”གཞི་རུ་བྱས་པ། ཐོད་དུ་འབྲུག་ཞིག་བརྐོས་ནས་ཞི་བདེ་སྲུང་ལུགས་མཚོན་པར་བྱས་པ། གཞོགས་གཉིས་སུ་གླང་ཆེན་གྱི་མགོ་བོ་དང་རྒྱ་བྱ་བརྐོས་ནས་འཛམ་གླིང་ཞི་བདེ་དང་མི་དམངས་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་པ། བུམ་པའི་ངོས་ལ་ཀྲུང་གོའི་སྲོལ་རྒྱུན་གྱི་བཀྲ་ཤིས་མཛེས་རིས་དང་དར་གོས་ལམ་བུ་སོགས་བྲིས་ནས་ཞི་བདེ་འཕེལ་རྒྱས་དང་སྤེལ་རེས་མཉམ་ལས་ཀྱི་བསམ་གཞི་མཚོན་པར་བྱས་པ། བུམ་པའི་ངོས་སུ་ད་དུང་འདབ་གཤོག་བརྐྱངས་ནས་མཁའ་དབྱིངས་ལ་འཕུར་བའི་ཞི་བདེ་མཚོན་པའི་ཕུག་རོན་བདུན་བྲིས་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཞི་བདེའི་ཕྱིར་འབད་འཐབ་ལོ་70བྱས་པ་མཚོན་པར་བྱས་ཡོད་པ་རེད།