མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། 
གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་
བསམ་འཆར་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ཤིང་། 《བསམ་འཆར་》ནང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དེང་རབས་ཞིང་ལས་ཐོན་ལས་མ་ལག་སྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུར་འཚོལ་ཞིབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད་ཅེས་འཁོད་ཡོད་པ་རེད།
         《བསམ་འཆར་》ནང་ནན་བཤད་བྱས་དོན། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་བསྟུན་ནས་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ལྟེ་བར་བྱེད་པ། ལམ་ལུགས་དང་། ལག་རྩལ། ཚོང་ལས་བཅས་ཀྱི་རྣམ་པ་གསར་གཏོད་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་བརྟེན་པ་བཅས་བྱས་ཏེ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཐོན་ལས་གཉིས་པ་དང་གསུམ་པ་ཕན་ཚུན་མཉམ་འདྲེས་ཀྱི་དེང་རབས་ཐོན་ལས་མ་ལག་ཧུར་ཐག་སྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པ། ཞིང་ལས་ལ་ཐོན་འཕར་དང་། ཞིང་པར་འབབ་འཕར། གྲོང་གསེབ་དར་རྒྱས་ཡོང་བ་བཅས་བྱས་ནས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཕྱིར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་དགོས། 2020ལོར་སླེབས་སྐབས་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་འགྲོ་བ་བྱས་ནས་ཐོན་ལས་སྦྲེལ་ཐག་འཐུས་ཚང་དང་། ནུས་པ་ཆ་ཚང་། ལས་རྣམ་སྣ་མང་། ཁེ་ཕན་དམ་འབྲེལ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་བཅས་ཀྱི་རྣམ་པ་གསར་པ་ཞིག་གཞི་རྩའི་ཆ་ནས་ཆགས་པ་བྱས་ཏེ་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
         《བསམ་འཆར་》ནང་བཏོན་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། ཞིང་ལས་ཀྱི་ནུས་པ་སྣ་ཚོགས་ཆེ་རུ་གཏོང་བ། ཞིང་ལས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་གཅིག་སྡུད་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་གཏོང་དགོས་པ་དང་། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་རའི་རྨང་གཞིའི་ནུས་པར་ཤུགས་སྣོན་བརྒྱབ་ནས་སྣེ་འདྲེན་ཁེ་ལས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ལེགས་ཆ་འདོན་སྤེལ་བྱེད་པ། ལས་རིགས་མཐུན་ཚོགས་དང་ཐོན་ལས་མནའ་འབྲེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱིས་མ་འཇོག་བྱ་རྒྱུར་སྐུལ་ལྕག་བྱེད་པ་བཅས་བྱས་ནས་སྣ་མང་ཅན་གྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་ཀྱི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་བྱེད་དགོས་པ། མངགས་འདེབས་ཞིང་ལས་གསར་གཏོད་འཕེལ་རྒྱས་བཏང་ནས་མ་རྐང་མཉམ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བྱེད་པ་དང་། བཟོ་ཚོང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིར་ཤུགས་སྣོན་རྒྱག་པ། ཉེན་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་སྣ་ཚོགས་འཛུགས་དགོས་པ། སྤྱི་པའི་ཞབས་ཞུའི་ལས་སྟེགས་བཏོད་དེ་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ་དང་། ཤེས་ལྡན་པ་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། ས་ཁུལ་དབུལ་པོའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་ཐབས་ལམ་མང་པོའི་ཐོག་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས།
         《བསམ་འཆར་》ནང་ནོར་ཁྲལ་དང་ས་ཆ་སོགས་ལ་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་ཚོད་ལྟའི་དཔེ་སྟོན་བྱེད་པ་དང་། ས་གནས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ཡོང་བ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞིའི་ནང་བཅུག་ནས་རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་བབ་དང་བསྟུན་ནས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

  
2015-12-31