མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བཅིངས་འགྲོལ་དམག་ཚགས་པར་ཁང་དུ་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་28ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་བཅིངས་འགྲོལ་དམག་ཚགས་པར་ཁང་དུ་གཟིགས་ཞིབ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་ཚགས་པར་ཁང་དུ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་བཅིངས་འགྲོལ་དམག་གི་ཚགས་པར་བཏོན་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ཚགས་པར་ཁང་གི་ལས་དོན་མི་སྣ་ཡོངས་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་དེ་བཞིན་དམག་ཡོངས་ཀྱི་གསར་འགྱུར་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཞིས་ཅིན་ཕིང་གིས་རྒྱལ་སྟོབས་དམག་སྟོབས་ཀྱི་འཕེལ་རིམ་གྱི་རྗེས་སུ་བསྙེགས་པ་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དམག་དཔུང་ཚགས་པར་གྱི་རུས་མིང་ཏང་ཡིན་པ་མཐའ་འཁྱོངས་དང་། དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་རྩ་བ་མཐའ་འཁྱོངས། གསར་གཏོད་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་བཅིངས་འགྲོལ་དམག་གི་ཚགས་པར་དེ་ཆབ་སྲིད་ཐད་དེ་བས་སྟོབས་དང་ལྡན་པ་དང་། བརྒྱུད་བསྒྲགས་ཐད་དེ་བས་སྟོབས་དང་ལྡན་པ། ཤུགས་རྐྱེན་ཐད་དེ་བས་སྟོབས་དང་ལྡན་པ་བཅས་ཡོང་བ་བྱས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བསམ་བློ་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་དུ་ཞིས་ཅིན་ཕིང་བཅིངས་འགྲོལ་དམག་གི་ཚགས་པར་ཁང་དུ་ཕེབས་ནས་དང་ཐོག་ཚགས་པར་ཁང་གི་ལས་བྱེད་པ་ཡོངས་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་ཚགས་པར་བཏོན་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། བཅིངས་འགྲོལ་དམག་ཚགས་པར་གྱི་འདོན་ཐེངས་དང་པོ་དང་། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དེ་འབར་ནས་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་བའི་དམིགས་བསལ་གསར་འགྱུར། བདེན་དོན་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་ཆེན་པོ་བྱེད་པའི་འཕྲིན་རྩོམ་གལ་ཆེན་བཀོད་པའི་ཚགས་པར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་ཀྱི་ཆེད་སྒྲིག་པར་ངོས་བཅས་པ་རེ་རེ་དང་འགྲེམས་སྟོན་དངོས་པོ་རེ་རེར་ཞིས་ཅིན་ཕིང་གིས་ནན་ཏན་ངང་གཟིགས་གནང་བ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། “ངས་བཅིངས་འགྲོལ་དམག་གི་ཚགས་པར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད”ཅེས་གསུངས། གཟིགས་སྐོར་གནང་སྐབས་ཞིས་ཅིན་ཕིང་གིས་རང་ཉིད་དང་བཅིངས་འགྲོལ་དམག་གི་ཚགས་པར་དབར་གྱི་འབྲེལ་བ་ཕྱིར་དྲན་གནང་། ཁོང་གིས་1956ལོའི་ཟླ་1ཚེས་1ཉིན་བཏོན་པའི་བཅིངས་འགྲོལ་དམག་གི་ཚགས་པར་ནི་ཀྲུང་དབྱང་དམག་ཨུད་ཀྱི་ལས་ཁུངས་ཚགས་པར་དང་། དམག་དཔུང་ཁྲོད་ཀྱི་ཏང་གི་མགྲིན་པ། ང་ཚོའི་ཏང་དང་ང་ཚོའི་དམག་དཔུང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འཐབ་ས་གལ་ཆེན། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་ཁྱད་ཆོས་བཅས་ཡིན། ལོ་60རིང་བཅིངས་འགྲོལ་དམག་གི་ཚགས་པར་གྱིས་ཏང་དང་མི་དམངས་དང་དབུགས་ལམ་གཅིག་སྦྲེལ་དང་བདེ་སྡུག་མཉམ་མྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་དོན་མཉམ་དུ་སྤེལ་བའི་ཐོག་མཉམ་དུ་མདུན་སྐྱོད་བྱས་ནས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་མཁན་ངོ་གནོང་མི་དགོས་པ་ཞིག་དང་། དམག་དཔུང་འཛུགས་སྐྲུན་དང་། འཕེལ་རྒྱས་དང་། སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་མཁན་ངོ་གནོང་མི་དགོས་པ་ཞིག རྒྱ་ཆེའི་དཔོན་དམག་འཚར་ལོངས་དང་ཡར་རྒྱས་ཡོང་བའི་ལམ་བུའི་ཐོག་གི་གྲོགས་པོ་ཡག་པོ་ངོ་གནོང་མི་དགོས་པ་ཞིག་བཅས་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། ཁོང་བཅིངས་འགྲོལ་དམག་གི་ཚགས་པར་ཁང་གི་དྲ་རྒྱའི་དྲིལ་བསྒྲགས་ལྟེ་གནས་སུ་ཕེབས་ཏེ་བརྙན་འཕྲིན་མ་ལག་ཐོག་ནས་གསར་འགོད་པའི་ཡན་ལག་རུ་ཆུང་གི“དཔྱིད་གསར་སྐབས་གཞི་རིམ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོར་གཟིགས་པ་དང་། དཔེ་སྐྲུན་མགྱོགས་མྱུར་མ་ལག་ལ་གཟིགས་ཞིབ་གནང་བའི་ཐོག་བཅིངས་འགྲོལ་དམག་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། བཅིངས་འགྲོལ་དམག་གི་ཚགས་པར་གྱི་དཔོད་ཁུག་དང་སྐད་འཕྲིན་ཁྱབ་བསྒྲགས་ལས་སྟེགས་ཐོག་ཞིས་ཅིན་ཕིང་གིས་གློག་ཀླད་ཀྱི་མཐེབ་བཀྱག་མནན་ནས“ལོ་གསར་འཆར་ཉེའི་སྐབས་སུ། ངས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཚོས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཡུལ་ལག་ལེན་དང་འོས་འགན་ཧུར་ཐག་བསྒྲུབས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད”ཅེས་པའི་དཔོད་ཆུང་བསྐུར་གནང་བ་རེད།
         བཅིངས་འགྲོལ་དམག་ཚགས་པར་ཁང་གི་ལས་ཀའི་སྙན་སེང་གསན་རྗེས། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བཅིངས་འགྲོལ་དམག་གི་ཚགས་པར་གྱིས་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་བསྟུན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དྲིལ་བསྒྲགས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་དྲིལ་བསྒྲགས། དཔུང་སྡེའི་མི་སྣ་གསོ་སྐྱོང་དང་། སྤྱོད་ཚུལ་ལེགས་ལ་སྒྲིག་ཁྲིམས་ནན་པ། དམག་སྦྱོང་དམག་གྲབས། སྒྱུར་བཅོས་ཟབ་གཏོང་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མཚོན་པ་བཅས་བྱས་ཏེ་རྒྱལ་སྟོབས་དམག་སྟོབས་ཆེད་རྣམ་པ་བཟང་པོ་བཏོད་ཡོད་ལ། ལྷག་པར་དུ་ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཡུལ་མཐའ་འཁྱོངས་དང་། དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དག་ཐེར་ལས་དོན། འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་ཀྱི་དྲིལ་བསྒྲགས་འཕྲིན་སྤེལ་དག་རྔམ་བརྗིད་ལྡན་ལ་བཀྲག་མདངས་འཚེར་ས་མང་བ་དང་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་ཐུབ་པ་བྱུང་བའི་ཐོག་སྙིང་སྟོབས་འཕེལ་ཁར་དྲང་ནུས་ཀྱང་གཅིག་སྒྲིལ་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་བཅིངས་འགྲོལ་དམག་གི་ཚགས་པར་ཡག་པོ་གཉེར་བར། ངེས་པར་དུ་དམག་དཔུང་ཚགས་པར་གྱི་རུས་མིང་ཏང་ཡིན་པ་མཐའ་འཁྱོངས་བྱེད་དགོས། བཅིངས་འགྲོལ་དམག་ཚགས་པར་ནི་ཏང་གིས་འགོ་ཁྲིད་དང་སྟངས་འཛིན་བྱེད་པ་དང་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་ལ་ཐད་ཀར་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་ངེས་པར་དུ་ཏང་གཤིས་སྲུང་བའི་རྩ་དོན་ཐོག་དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ནན་པའི་བླང་བྱ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་བཅིངས་འགྲོལ་དམག་གི་ཚགས་པར་ཡག་པོ་གཉེར་བར། ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བའི་རྩ་བ་དེ་མཐའ་འཁྱོངས་བྱེད་དགོས། དམག་དཔུང་ལ་ཞབས་འདེགས་ཞུ་རྒྱུ་དང་དམག་མིར་ཞབས་འདེགས་ཞུ་རྒྱུ་དེ་ནི། བཅིངས་འགྲོལ་དམག་ཚགས་པར་གྱི་ཁྱད་ཆོས་དང་ལེགས་ཆ་ཆེ་ཤོས་ཡིན། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཡུལ་གྱིས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དྲིལ་བསྒྲགས་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་སྙིང་སྟོབས་ལ་སྐུལ་སྤེལ། དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་གཅིག་སྒྲིལ། དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྐྱོད་རྒྱུར་ལེགས་སྐྱེས་འབུལ་ཆེད་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་བཅིངས་འགྲོལ་དམག་གི་ཚགས་པར་ཡག་པོ་གཉེར་བར། ངེས་པར་དུ་གསར་གཏོད་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱེད་དགོས། ད་ཆ་སྨྱན་སྦྱོར་གྱི་ཆགས་སྟངས་དང་། གླེང་ཕྱོགས་ཀྱི་ཁོར་ཡུག ལྟ་ཀློག་མཁན། བརྒྱུད་བསྒྲགས་ལག་རྩལ་བཅས་ཚང་མར་འགྱུར་ལྡོག་ཟབ་མོ་ཕྱིན་ཡོད་ལ། ལྷག་པར་དུ་དྲ་སྦྲེལ་གྱིས་རྒྱས་སྨྱན་སྦྱོར་ཁྱབ་ཁོངས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་གཏོང་བཞིན་ཡོད། བསམ་བློ་གཏོང་མཁས་པོ་བྱས་ཏེ་དཔྱད་གཞིའི་ནང་དོན་སྔོག་འདོན་གཏིང་ཟབ་དང་། དཔྱད་གཞིའི་ནང་གི་སྐུལ་སྤེལ་གྱི་སྙིང་སྟོབས་དང་རྒྱུ་མཚན་ཟབ་མོ་གསེད་དཀྲོལ་དང་རྒྱས་བཤད་བྱེད་དགོས་པ་མ་ཟད། ཕུན་སུམ་ཚོགས་པའི་གསར་འགྱུར་གྱི་སྐད་ཆ་དང་། རྣམ་པ། བྱེད་ཐབས། རྩལ་ནུས་བཅས་སྤྱད་དེ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་བཅིངས་འགྲོལ་དམག་གི་ཚགས་པར་ཡག་པོ་གཉེར་བར། ཏང་གི་བཀོད་འདོམས་ལ་ཉན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྲུན་དགོས། བཅིངས་འགྲོལ་དམག་ཚགས་པར་ཁང་གི་བློ་མཐུན་ཚུད་པའི་དམག་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཚོས་རང་རྟོགས་ངང“ནན་གསུམ་དྲང་གསུམ”ལག་ལེན་བྱས་ཏེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་ལས་བྱང་ཚད་མཐོར་གཏོང་། འཐབ་སའི་གསར་འགོད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་སྐད་གྲགས་ཡོད་པའི་གསར་འགོད་པ་དང་། སྐད་གྲགས་ཡོད་པའི་རྩོམ་སྒྲིག་པ། སྐད་གྲགས་ཡོད་པའི་དཔྱད་གཏམ་པ་བཅས་སུ་ཧུར་ཐག་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁྲང་དབན་ཆོན་དང་། ཕང་ཧྥུང་ཧུའེ། ཀྲང་དབྱང་། ཀྲའོ་ཁེ་ཧྲེ། ཀྲང་ཡིའུ་ཞ། ཝུའུ་ཧྲེང་ལི། མ་ཤའོ་ཐེན། ཝུའེ་ཧྥུང་ཧོ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

  
2015-12-17