མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་
མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། ད་དུང་ཁྲག་གི་བསླབ་བྱ་ཡིས་ང་ཚོར་སྤྱི་པའི་བདེ་འཇགས་ནི་བྱ་བ་ཆུང་ངུ་ཞིག་གཏན་ནས་མིན་པའི་དྲན་སྐུལ་བྱས་ཡོད། དེས་ན་ང་ཚོས་ངེས་པར་དུ་བདེ་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱེད་པ། བདེ་འཇགས་ཐད་ཀྱི་སྐྱོན་ཆ་སྣ་ཚོགས་སེལ་བ། དོན་རྐྱེན་ཆེ་རིགས་དང་ཚབས་ཆེན་ཡང་ཡང་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཐོལ་བྱུང་དོན་རྐྱེན་ཆེ་རིགས་དང་ཚབས་ཆེན་ལ་ཆ་མཚོན་ན། རང་བྱུང་གནོད་འཚེ་ཡིན་ནའང་འདྲ་འགན་འཛོལ་དོན་རྐྱེན་ཡིན་ནའང་འདྲ་གང་ལྟར་ཚང་མའི་ནང་བྱེད་པོའི་འགན་འཁྲི་དོན་འཁྱོལ་མ་བྱུང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་མཐར་ཕྱིན་མ་བྱུང་བ། ཁྲིམས་སྲོལ་ཚད་གཞི་འཐུས་སྒོ་ཚང་པོ་མེད་པ། བདེ་འཇགས་ཐད་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ནན་པོ་མ་བྱུང་བ། ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། བདེ་འཇགས་རྨང་གཞི་ཞན་པ། འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེན་པོ་མེད་པ་ལ་སོགས་པའི་གནད་དོན་ཚད་གཞི་མི་འདྲ་བའི་སྒོ་ནས་ལྷག་ཡོད་ཅེས་ནན་གྱིས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ། གཅིག་ནས་ངེས་པར་དུ་བདེ་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱེད་པ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཤིང་། “ཏང་དང་སྲིད་གཞུང་གི་འགན་འཁྲི་ལྕི་ཡང་གཅིག་པ་ཡིན་པ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ། འགན་འཛོལ་འགན་འཁྲི་རྩད་གཅོད་བྱ་རྒྱུ”བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རྩ་བར་འཛིན་རྒྱུ་དང་དམངས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གཉིས་ནས་ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཀྱི་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་ཤིང་། བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པ་དང་། གསར་སྤེལ་ཁུལ་དང་། བཟོ་ལས་གླིང་ཁུལ། གྲུ་ཁ་ཁུལ་སོགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་ཚད་གཞི་དང་། སྒྲིག་སྲོལ། ལམ་སྲོལ་བཅས་བཟོ་བའི་རིང་ལ་ཇི་ལྟར་བྱས་ནས་སྒྱུར་བཅོས་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུར་བསམ་གཞིག་ཡང་ཡང་བྱེད་དགོས་པ། གསུམ་ནས་ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་མགྱོགས་པོ་བྱེད་པ་དང་བཟོ་བཅོས་མགྱོགས་པོ་རྒྱག་པ། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ། བཞི་ནས་ངེས་པར་དུ་དོན་རྐྱེན་ཆེ་རིགས་དང་ཚབས་ཆེན་ཡང་ཡང་མི་ཐོན་པ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། དོན་རྐྱེན་ཆེ་རིགས་དང་ཚབས་ཆེན་ཐོན་སླ་བའི་ལས་རིགས་དང་ཁྱབ་ཁོངས་སུ་ཉམས་ཉེན་རིམ་བགོས་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་སྔོན་འགོག་རང་བཞིན་གྱི་ལས་དོན་ལམ་སྲོལ་གཉིས་ལག་ལེན་བསྟར་བ་དང་། བདེ་འཇགས་ཐོན་སྐྱེད་འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུར་སྐུལ་འདེད་གཏོང་བ། འཕྲལ་སྡོམ་མྱུར་སྐྱོབ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་ཚད་གཞི་དམའ་རུ་གཏོང་གང་ཐུབ་བྱེད་དགོས་པ། ལྔ་ནས་ངེས་པར་དུ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་ཤིང་། གྲོང་ཁྱེར་འཛུགས་སྐྲུན་དང་། ཉེན་ཆེའི་སྡོད་ཁང་དང་སྡོད་ཁང་རྙིང་པ། སོལ་རླངས་མདོང་ལམ། ས་འོག་ལྕགས་མདོང་མཐུད་འབྲེལ་གྱི་ས་རྒྱུད་ལ་སོགས་གཙོ་གནད་ཁུལ་གྱི་མངོན་མེད་རྐྱེན་ངན་དང་རྡོ་སོལ་དང་། ཉེན་ཆེའི་དངོས་རྫས། ཤོག་སྦག འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་ལས་རིགས། དེ་བཞིན་སྤྲོ་སྐྱིད་དང“ལོ་གསར་བའི་མཚན་མོ”སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་བཅས་ལ་དམིགས་པའི་བདེ་འཇགས་འགོག་ཟོན་ལས་དོན་ཡག་པོ་སྤེལ་དགོས་པ་དང་ལྷག་པར་དུ་རྡོག་བརྫིས་དོན་རྐྱེན་ཐོན་རྒྱུ་ནན་འགོག་བྱེད་དགོས་པ་བཅས་རེད།

  
2015-12-31