མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས་གསར་གཏོད་མཐུན་སྦྱོར་ལྗང་
མདོག་སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་
བྱ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས་གསར་གཏོད་མཐུན་སྦྱོར་ལྗང་
མདོག་སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་
བྱ་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་4ཉིན་ནས་ཚེས་6ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་སྐབས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཉམས་མྱོང་བསླབ་བྱ་ཕྱོགས་སྡོམ་གཏིང་ཟབ་དང་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་དུས་བབ་ཆེན་པོར་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་ཆགས་པ་ཞིག་ཡིན་པ་དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསམ་བློ་ཟབ་མོ་བཏང་བ་གཅིག་སྡུད་བྱས་ཡོད་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་ཐ་ན་དེ་བས་རིང་བའི་དུས་སྐབས་རིང་གི་རང་རྒྱལ་གྱི་འཕེལ་རྒྱས་བསམ་ཕྱོགས་དང་། འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་མངོན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་བསམ་བློ་དང་བྱ་སྤྱོད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་གསར་གཏོད་གོང་དུ་བཀུར་བ་དང་། མཐུན་སྦྱོར་ལ་གཙིགས་ཆེན། ལྗང་མདོག་སྲོལ་གཏོད། སྒོ་དབྱེ་ཟབ་གཏོང་། མཉམ་སྤྱོད་སྐུལ་འདེད་བཅས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ནུས་པ་དང་ཆུ་ཚད་སྤྱི་འདོམས་དང་ལག་བསྟར་བྱ་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་འཛུགས་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དགུན་དུས་ཁྲུང་ཆིང་དུ་གྲང་ངར་ཆེ་ཡང་དྲོ་སོབ་སོབ་ཀྱི་རྣམ་པ་ཞིག་སྣང་། ཟླ་1ཚེས་4ཉིན་ནས་ཚེས་6ཉིན་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་སུན་ཀྲེན་ཚའེ་དང་ཧྲི་ཀྲང་ཧོང་ཆི་ཧྥན་གྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་གྲུ་ཁ་དང་ཁེ་ལས་སུ་ཕེབས་ཏེ་རྟོག་ཞིབ་གནང་བ་དང་འབྲེལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་མཛུབ་ཁྲིད་གནང་བ་རེད།
         རྟོག་ཞིབ་གནང་རིང་ཞིས་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་གནང་བ་དང་འབྲེལ་ད་ཕན་ལོ་ཤས་རིང་ཁྲུང་ཆིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་གདེང་འཇོག་ཀྱང་གནང་ཞིང་། ཁོང་གིས་ཁྲུང་ཆིང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཁྲོད་སླར་ཡང་འོད་སྟོང་འབར་བའི་བྱས་རྗེས་གསར་པ་འཇོག་རྒྱུའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་བསྐྱོད་རྒྱུ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་ཕན་པའི་བྱེད་ཐབས་ཤིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བཀོད་འདོམས་དར་ཆ་ལྟར་ཡིན་པས་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་མི་མཐུན་པ་དང་ཐ་ན་དེ་དང་རྒྱབ་འགལ་དུ་སོང་བའི་ངོས་འཛིན་འཕྲལ་དུ་ལེགས་སྒྲིག་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་མི་མཐུན་པ་དང་ཐ་ན་དེ་དང་རྒྱབ་འགལ་དུ་སོང་བའི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་། མི་མཐུན་པ་དང་། ཐ་ན་དེ་ལས་འགལ་བའི་བྱེད་ཐབས་རྦད་དེ་དོར་དགོས། དེ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ནི་ཁ་འབྲལ་ཐབས་མེད་པའི་སྤྱི་ཁོག་གཅིག་དང་། ཕན་ཚུན་ཟུང་འབྲེལ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་སྐུལ་འདེད་བྱེད་ཀྱི་ཡོད་པས། མཉམ་དུ་མཐའ་འཁྱོངས་དང་མཉམ་དུ་ལག་བསྟར་བྱེད་པ་ལས། གཅིག་བཟུང་གཅིག་ཤོར་བྱེད་མི་རུང་ལ། ཕན་ཚུན་ཚབ་བྱེད་ཀྱང་བྱེད་མི་རུང་།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ནང་མཁོ་སྤྲོད་དང་དགོས་མཁོའི་ཕྱོགས་གཉིས་ཀ་ཡོད་མོད། འོན་ཀྱང་འགལ་ཟླ་གཙོ་བོ་ནི་མཁོ་སྤྲོད་ཕྱོགས་ཡིན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་པར་གཙོ་གནད་ནི་ཐོན་ནུས་ལྷག་མ་རིམ་གྱིས་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་བཟང་སྒྲིག་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། སྤྱི་པའི་ཐོན་ཟོག་དང་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་བ། མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུར་ཤུགས་རྒྱག་པ། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་དགོས་མཁོ་སྐོང་བ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་འཕར་རྒྱུའི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དམངས་འཚོར་སྣང་ཆེན་དང་། དམངས་འཚོ་འགན་ལེན། དམངས་འཚོ་ལེགས་གཏོང་བཅས་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དེ་བས་མང་བ་དང་དེ་བས་དྲང་བཞག་ངང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ནས། མཉམ་སྐྲུན་མཉམ་སྤྱོད་འཕེལ་རྒྱས་ཁྲོད་ནས་མི་དམངས་མང་ཚོགས་ཀྱིས་དེ་བས་མང་བའི་ཐོབ་སེམས་ཚོར་སྣང་ཐུབ་པ་བྱེད་དགོས། ལྷག་དོན་དུ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཁེ་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་འཁྱོངས་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་པ་དང་། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་ནུས་པ་དང་མཉམ་སྤྱོད་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ། མི་སེར་གྱི་སྣ་མང་ཅན་གྱི་དམངས་འཚོའི་དགོས་མཁོ་སྐོང་བ་བཅས་བྱས་ནས་དམངས་འཚོའི་འགན་ལེན་དྲ་བ་དམ་དུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། དབུལ་སྐྱོར་གསར་སྤེལ་ལམ་ལྷོངས་བྱུང་མིན་དེ་གནད་སྨིན་ལ་ཐུག་ཡོད་པས“དབུལ་པོའི་རྩ་བ”གནད་ལ་འཁེལ་བའི་སྒོ་ནས་འཚོལ་བ་དང་དབུལ་སྒྲོལ་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། གནད་ལ་འཁེལ་བ་དང་ནད་བསྟུན་སྨན་བཅོས། དབུལ་སྐྱོར་གནད་ལ་འཁེལ་བ་བཅས་བྱེད་དགོས་པ་དང་དབུལ་ཞྭ་འབུད་པའི་ཐད་གཅིག་དབུལ་སྒྲོལ་ཐུབ་ན་དེའི་དབུལ་ཞྭ་འབུད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡར་རྒྱས་བརྩོན་ལེན་མི་བྱེད་པ་དང་སྒུག་རྟེན་སློང་གསུམ་འགོག་དགོས་པ་མ་ཟད། མྱུ་གུ་འཐེན་ནས་སྐྱེ་རོགས་བྱེད་པ་དང་ཕྱི་ཚུལ་ཙམ་བྱ་རྒྱུ་འགོག་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། བདེ་འཇགས་དང་བརྟན་ལྷིང་གི་ལས་དོན་དེ་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་པས་ཉིན་བརྒྱ་དམ་འཛིན་བྱེད་དགོས་ཀྱང་ཉིན་གཅིག་ལྷུག་ཏུ་གཏོང་རྒྱུ་མེད། སྤྱི་པའི་བདེ་འཇགས་ལས་འཛོལ་ཐད་འགན་འཁྲི་བདའ་འདེད་གཏོང་བ་ཁོ་ནའི་ཐོག་མི་ལུས་པར་ངེས་པར་དུ་གནད་དོན་ཐོན་པའི་ཐུན་མོང་རང་བཞིན་ལ་དབྱེ་ཞིབ་བྱས་ནས་ཕྱོགས་གཅིག་ལ་དོན་རྐྱེན་ཐོན་ཚེ། ཕྱོགས་མང་ལ་སློབ་གསོ་ཐེབས་ཐུབ་པ་དང་། གནས་གཅིག་ལ་མངོན་མེད་རྐྱེན་ངན་ཐོན་ཚེ། རྒྱལ་ཡོངས་ལ་ཉེན་བརྡ་གཏོང་ཐུབ་པ་བྱེད་དགོས།
        ཞིས་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་སྔར་བཞིན་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་མཚོན་བྱེད་རང་བཞིན་དང་། ཁྲིད་སྟོན་རང་བཞིན། ཀ་རྟེན་རང་བཞིན་བཅས་ཀྱི་སྒྱུར་བཅོས་ལས་འགན་དམ་འཛིན་ནན་པོ་བྱེད་པར་རང་འགུལ་ངང་ཕར་རྒོལ་བྱེད་པ་དང་། དམ་པོར་བསྟུན་པ། གནད་འཕིགས་ཤུགས་འདོན་བཅས་བྱེད་དགོས། ས་གནས་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་སྐུལ་འདེད་གཏོང་བར་ཕྱོགས་གཅིག་ནས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཚོལ་ཞིབ་གསར་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཡོངས་མིག་མངས་སྒྲིག་སྒོར་གཅིག་ལྟར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒྱུར་བཅོས་ཀྱི་གཙོ་གནད་དང་། ཐབས་ལམ། གོ་རིམ། བྱེད་ཐབས་བཅས་གཏན་འཁེལ་ཡག་པོ་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་སྒྱུར་བཅོས་དེ་དེ་བས་གནད་ལ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་གཏད་ཕྱོགས་བཅས་དང་འབྲེལ་མཐུད་ཐུབ་པ་བྱེད་དགོས། ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་གཙོ་གནད་ཀྱི་སྒྱུར་བཅོས་ཇུས་གཞི་ཁོང་དུ་ཆུད་པ་བྱེད་པ་དང་དུས་མཚུངས། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་ཐུབ་པ་བྱས་ནས་དོན་དངོས་དང་བསྟུན་པ་དང་ཞིབ་ཕྲའི་གནད་དོན་ནས་འགོ་འཛུགས་པ་དང་། མིག་མཐོང་ལག་ཟིན། གནད་དོན་གང་ཞིག་མངོན་གསལ་དོད་པ་དེ་ཉིད་གཙོ་གནད་ཐོག་ཐག་གཅོད་བྱེད་པ་བཅས་བྱས་ནས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནི་ཏང་གི་སྲིད་སྐྱོང་གི་རྐང་འཛིན་པ་ཡིན་པས་ངེས་པར་དུ“ནན་གསུམ་དྲང་གསུམ”ཐད་མིག་དཔེ་སྟོན་དགོས་པ་དང་། ཕུགས་བསམ་དད་སེམས་དེ་འབོད་ཚིག་ཙམ་དུ་མི་འགྲོ་བ་དང་། སྒྲིག་ལམ་དང་སྒྲིག་ཁྲིམས་ནན་པའི་མཐོ་གནོན་གློག་སྐུད་ཀྱི་སྒྲོམ་སློང་བ། ཁྲིམས་ལྟར་བྱ་བ་བསྒྲུབ་པ་བཅས་བྱས་ཚེ་གཞི་ནས་ཡང་དག་ངང་དབང་ཆ་སྤྱོད་ཐུབ་པ་མ་ཟད། དམ་པ་དོན་གཉེར་ཐད་ལོ་རྒྱུས་ཞིབ་བཤེར་གྱི་ཚོད་བགམ་ཐེག་ཐུབ་པ། འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དད་སེམས་དེ་དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་ཀྱི་སྟོབས་ཤུགས་ཐད་མངོན་པ་བྱེད་པ་དང་། མི་རྣམས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་ཕུགས་བསམ་དད་སེམས་ཀྱི་ཚད་ཤིང་ཞིག་འཛུགས་དགོས་པ། སྒྲིག་ལམ་དང་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་ནང་དོན་ཕུན་སུམ་ཚོགས་པ་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་པའི་ཁྲིམས་སྲོལ་ལམ་ལུགས་ཡོད་དགོས་པ་མ་ཟད། རྩ་དོན་མཐའ་འཁྱོངས་དང་ཆད་ལུས་མེད་པའི་སྒོ་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཡོད་དགོས་པ། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་དེ་ཚད་གཞི་གལ་ཆེན་དུ་བརྩིས་ཏེ་བསམ་བློའི་ཐོག་དུས་རྟག་ཏུ་རྩ་བ་དེ་དམ་པོར་འཛིན་པ་དང་བྱ་སྤྱོད་ཐད་དུས་རྟག་ཏུ་ཚད་གཞི་དེ་དམ་པོར་འཛིན་ནས་ག་དུས་ཡིན་རུང་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་དོན་བསྒྲུབ་མི་རུང་བ། འགོ་ཁྲིད་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་དངོས་སྒྲུབ་དཀའ་སྒྲུབ་བྱས་ནས་དངོས་དོན་གཉེར་བ་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དོན་གཉེར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

  
2015-12-31