མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲེང་ཞུང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲེང་ཞུང་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲེང་ཞུང་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་དང་ཐོག་ཟླ་བ་གོང་མར་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་སྐོར་དྲན་གསོ་གནང་བ་དང་འབྲེལ་རོན་ཧྲེང་ཞུང་ལ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་ཀྲུའུ་ཞི་ཀྲང་ཅིང་ཁྲོང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་གསུངས། རོན་ཧྲེང་ཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་བར་་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་བློ་མཐུན་རོན་ཕུའུ་ཀྲུང་དང་ཀྲང་ཅིང་ཁྲོང་གིས་བློ་མཐུན་ཞིས་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཝེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་65འཁོར་བའི་ལོ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཝེའི་འབྲེལ་བ་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་སོང་ཡོད། ངས་ཝེ་ཐེ་ནམ་ལ་འཚམས་འདྲི་བྱེད་རིང་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་དང་བསམ་པ་རྣམ་དག་ངང་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”ལ་སྐུལ་སྤེལ་གཏོང་རྒྱུའི་གྲོས་འགོ “ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཕྱོགས་གཉིས་པོས་གཞོགས་འདེགས་དམ་ཟབ་བྱེད་པ་དང་ཐུན་མོང་ཐོག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་གཤམ་གསལ་གྱི་ལས་དོན་དག་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་ཀྲུང་ཝེའི་འབྲེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། གཉིས་ནས་ཕྱོགས་གཉིས་འབྲེལ་བའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས་པ། གསུམ་ནས་ཕྱོགས་གཉིས་པོའི་དབར་ཐོན་པའི་མི་མཐུན་པའི་ཆ་ཐག་གཅོད་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་དབར་གྱི་ཉེ་བའི་ལོ་ཤས་རིང་གི་མཛའ་མཐུན་སྤེལ་རེས་ཐད་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱིས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ཕྱོགས་གཉིས་པོས་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཐད་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲིད་སྐྱོང་སྟངས་དང་ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་ཉམས་མྱོང་བཟང་པོ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་རྒྱལ་ཁབ་གཉིས་པོའི་མང་ཚོགས་དབར་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་བཏང་ནས་རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ནས་ཀྲུང་ཝེའི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རེ་ཡོད་ཅེས་གསུངས་པ་རེད།
         རོན་ཧྲེང་ཞུང་གིས་ཝེ་ཐེ་ནམ་ཏང་དང་སྲིད་གཞུང་དང་མི་དམངས་ཀྱིས་ཝེ་ཀྲུང་གི་སྲོལ་རྒྱུན་མཛའ་མཐུན་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་གཟེངས་སུ་ཐོན་པའི་འགོ་ཁྲིད་འོག་ཀྲུང་གོ་ཕྱོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཝེ་ཀྲུང་དབར་གྱི་མཛའ་མཐུན་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ལ་ས་ཁུལ་དེའི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་ཐོགས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་བཏང་ཐོག་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འགོག་སྲུང་ལས་དོན། ས་གནས་སོགས་ཁྱབ་ཁོངས་ཁྲོད་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་མང་པོའི་ཐད་གཞོགས་འདེགས་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཝེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

  
2015-12-17