མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20དང་ཚེས་21ཉིན་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་གྲོང་ཁྱེར་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གནང་ཐོག་གྲོང་ཁྱེར་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བསམ་ཕྱོགས། གཙོ་གནད་ལས་འགན་བཅས་གསལ་སྟོན་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་དེང་སྐབས་གྲོང་ཁྱེར་ལས་དོན་གྱི་གཙོ་གནད་རྒྱས་བཤད་གནང་ནས་གྲོང་ཁྱེར་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
           ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་རང་རྒྱལ་གྱིས་འཛམ་གླིང་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་མྱུར་ཚད་མཐོ་ཤོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་བརྒྱུད་ཡོད་པ་དང་གྲོང་ཁྱེར་འཕེལ་རྒྱས་དབྱར་མཚོ་རྒྱས་པ་བཞིན་བྱུང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གྲོང་ཁྱེར་འཕེལ་རྒྱས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྐུལ་ཁྲིད་ཐུབ་པ་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་གལ་ཆེའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། གྲོང་ཁྱེར་ནི་རང་རྒྱལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཀྱི་བྱེད་སྒོའི་ལྟེ་གནས་ཤིག་ཡིན་པ་དང་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཁྲོད་ཀྱི་གྲོང་ཁྱེར་གྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་རྒྱལ་གྱི་གྲོང་ཁྱེར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། མི་རྩ་བར་འཛིན་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། སྒྱུར་བཅོས་གསར་གཏོད། ཁྲིམས་བཞིན་གྲོང་ཁྱེར་སྐྱོང་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ། གྲོང་ཁྱེར་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་བཅོས་སྒྲིག་གི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་ཞན་ཆ་གསབ་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་དང་གྲོང་ཁྱེར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཞི་མཐུན་གནས་འཕྲོད་ལྡན་པ་དང་། གསོན་ཤུགས་ཀྱིས་ཁེངས་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་ལས་དོན་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་རེད། གྲོང་ཁྱེར་གྱི་ལས་དོན་ལེགས་པར་སྒྲུབ་པར་གྲོང་ཁྱེར་ལས་དོན་གྱི་དུས་བབ་གསར་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པ་བཅས་བྱས་ནས་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་གྲོང་ཁྱེར་གྱི་ལས་དོན་ལེགས་པར་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད། དེ་དང་ཆབས་ཅིག་ལེགས་བསྡུས་འཕེལ་རྒྱས་མཐའ་འཁྱོངས་དང་། སྤྱི་འབོར་གཏན་འཁེལ། ཤོང་ཚད་གཏན་འཁེལ། འདུས་ཚད་འཚམ་པོ། འབོར་ཚད་ཆེར་གཏོང་། སྤུས་ཚད་མཐོར་གཏོང་། རྒྱལ་བབ་ལ་གཞི་ཚུགས། རང་བྱུང་ལ་བརྩི་འཇོག རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་། གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་མཐའ་འཁྱོངས་དང་། གོང་འོག་སྤྱི་འདོམས་ཐད་ཤུགས་སྣོན། གཙོ་གནད་ཐད་ཚད་བརྒལ་ཡོང་ཐབས་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་གནས་འཕྲོད་རང་བཞིན་ཆེ་རུ་ནུས་ལྡན་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

  
2015-12-17 215-12-09 2015-12-06