མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག་》
པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་06ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག་》(གཤམ་དུ་བསྡུས་མིང་ལ་《སྲོལ་ཡིག་》ཅེས་བརྗོད་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་ངང་དེར་བསྟུན་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ས་གནས་ཏང་ཨུད་ལམ་ལུགས་ནི་ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་སྐྱོང་གི་རྩ་འཛུགས་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་ལམ་ལུགས་དེ་འཐུས་ཚང་དུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ་དང་། ཞིང་གྲོང་རྫོང་བཅས་རིམ་གསུམ་ས་གནས་ཏང་ཨུད་ས་ཁུལ་དེ་རང་གི་འགོ་ཁྲིད་སྲོག་ཤིང་དུ་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་ཏང་གི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་གནས་བབ་ཏུ་གནས་པ་བྱེད་པ་དང་འགན་འཁྲི་གལ་ཆེན་འཁུར་དགོས་པ། ས་གནས་ཏང་ཨུད་ཀྱི་ལས་དོན་ལ་ངེས་པར་དུ་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་སྔར་བས་མཐོ་རུ་གཏོང་དགོས་པ་བཅས་བཏོན་ཡོད།
         1996ལོའི་ཟླ་བ་བཞི་པར་ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་དོན་སྲོལ་ཡིག་(ཚོད་ལྟའི་ལག་བསྟར་)》པར་འགྲེམས་བྱས་ནས་ས་གནས་ཏང་ཨུད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐད་གལ་ཆེའི་ནུས་པ་བཏོན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པར་བརྟེན། སྲོལ་ཡིག་དེ་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་གྱི་མེད་པས། ཏང་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད།
         བརྡ་ཐོའི་ནང་ནན་བཤད་བྱས་དོན། 《སྲོལ་ཡིག་》ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་སྒྱུར་བཅོས་སྙིང་སྟོབས་མཐའ་འཁྱོངས་བྱ་རྒྱུ་དང་། ས་གནས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་མངོན་རྒྱུ། ས་གནས་ཏང་ཨུད་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པའི་ལམ་ལུགས་རྨང་གཞི་འཐུས་ཚང་དུ་གཏོང་རྒྱུ། ས་གནས་ཏང་ཨུད་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་བཅས་ནི་དུས་བབ་གསར་པའི་འོག་ས་གནས་ཏང་ཨུད་ལས་དོན་ཡག་པོ་སྒྲུབ་རྒྱུའི་གཞི་རྩའི་བསྟུན་ས་ཡིན། 《སྲོལ་ཡིག་》བཟོས་པ་དང་ལག་བསྟར་བྱས་པ་དེས། ས་གནས་ཏང་ཨུད་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དང་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
         བརྡ་ཐོའི་ནང་ས་གནས་རིམ་ཁག་ཏང་ཨུད་ཀྱིས《སྲོལ་ཡིག་》གི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱ་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་སྒྲུབ་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། མཉམ་སྡེབ་འགོ་ཁྲིད་དང་སྒེར་གྱི་ལས་བགོས་འགན་འཁྲི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། ཏང་ཨུད་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་འགན་ལེན་བྱ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ས་ཁུལ་དེའི་སྤྱི་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་གྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་ས་གནས་རིམ་ཁག་ཏང་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་《སྲོལ་ཡིག་》སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་པ་དང་ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་ཏང་གི་སློབ་གྲྭ་སོགས་ཀྱི་ཚན་པ་དང་མཉམ་དུ་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་《སྲོལ་ཡིག་》སློབ་སྦྱོང་གསོ་སྦྱོང་གི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ། ས་གནས་རིམ་ཁག་ཏང་ཨུད་ཀྱིས་《སྲོལ་ཡིག་》སློབ་སྦྱོང་ལག་བསྟར་བྱེད་པའི་ལས་དོན་ཆེད་དོན་བཀོད་སྒྲིག་བྱེད་པ་དང་འབྲེལ་ཞིབ་ཅིང་ཕྲ་བའི་སློབ་སྦྱོང་བྱེད་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་《སྲོལ་ཡིག་》གི་རྩ་བའི་དགོངས་དོན་དང་ནང་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་རྒྱུར་རོགས་རམ་བྱས་ཏེ་《སྲོལ་ཡིག་》ལ་བརྟེན་ནས་ཏང་ཨུད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་《སྲོལ་ཡིག་》གི་གཏན་འབེབས་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། 

  
2015-12-31