མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གྲོས་ཨུ་ཡོན་གྱིས་འདི་ལོའི་དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རྒྱུ་རེད་ཅེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་08ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལི་དབྱི་ཉིང་དང་ཁྲེན་ཞིས་ཝུན། དེ་བཞིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱི་ཀང་དང་། ཁྲང་ཀྲེན་མིང་། ཞུས་ཅ་དབྱིང་བཅས་ཀྱིས“རྒྱུན་རྣམ་གསར་པར་ཁྲིད་སྟོན་གྱིས་་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་འཚམ་རྒྱུར”དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་འཕྲད་པའི་དཀའ་གནད་ཁྱད་བསད་བྱ་ རྒྱུའི་ཡིད་ཆེས་ཡོད་པ།
         “ཀྲུང་གོས་ད་ཆ་གྲུབ་ཆ་ལེགས་སྒྲིག་བྱེད་པར་ངེས་པར་དུ་ཚད་བརྒལ་སྡེ་ཚན་བསྐྱར་འཛུགས་བྱེད་དགོས། འོན་ཀྱང་ང་ཚོས་ངེས་པར་དུ་2016ལོའི་སྤྱིའི་འཕེལ་ཕྱོགས་ནི་བརྟན་པོའི་ཁྲོད་ཡར་རྒྱས་དང་བརྟན་པོའི་ཁྲོད་ཡག་པོ་ཡོད་པ་མཐོང་ཐུབ་པ་བྱེད་དགོས”མིག་སྔའི་དཔལ་འབྱོར་དུས་བབ་སྐོར་གླེང་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། པེ་ཅིང་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་གི་མཚན་འཛིན་སློབ་སྤྱི་ལི་དབྱི་ཉིང་གིས། ཀྲུང་གོའི་དཔལ་འབྱོར་དེ་བཟོ་ལས་ཅན་ནས་བཟོ་ལས་ཅན་མངོན་འགྱུར་རྗེས་ལ་སྒྱུར་བའི་དུས་སྐབས་སུ་གནས་ཡོད། འཛམ་གླིང་གི་ཁྱབ་ཁོངས་ལ་བལྟས་ན། རྒྱལ་ཁབ་ཅིག་བཟོ་ལས་ཅན་མངོན་འགྱུར་རྗེས་ཀྱི་ཕྱོགས་སུ་རིམ་བཞིན་སྐྱོད་སྐབས་ཐོན་རྫས་རིན་ཐང་འཕར་ཚད་དེ་ཙམ་མགྱོགས་སུ་འགྲོ་མི་སྲིད་པ་དང་དཔལ་འབྱོར་འཕར་ཚད་ཀྱང་ཆག་སྲིད་ཅེས་གསུངས།
         ལི་དབྱི་ཉིང་གིས། ཀྲུང་གོས་མིག་སྔར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་སྔར་བཞིན་ལག་བསྟར་བྱེད་བཞིན་ཡོད། འོན་ཀྱང་གཙོ་གནད་ནི“རྫིག་རྫིག་རྔམ་རྔམ”མིན་པར་མཚོན་ཚུལ་གཙོ་བོ་ནི་ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་དང་། གཙོ་གནད་དུ་སྙོམས་སྒྲིག་ཕྲན་བུ། གཙོ་གནད་དུ་སྔོན་དཔག་སྙོམས་སྒྲིག་བཅས་རེད། དེ་དང་ཆབས་ཅིག་མ་འཇོག་དང་འཛད་སྤྱོད་གཉིས་ཚད་གཞི་ཆེན་པོའི་ཐོག་ནས་ཆག་མེད་པ་དང་། ད་དུང་མྱུར་བགྲོད་ལྕགས་ལམ་དང་། འགྲིམ་འགྲུལ་སྒྲིག་བཀོད། མཚོ་ཁུག་འཛུགས་སྐྲུན། ཆུ་གློག་ས་ཚིགས། དྲ་སྦྲེལ་སོགས་ཁྱབ་ཁོངས་ཀྱི་མ་འཇོག་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དེ་ནི་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གསལ་པོ་མངོན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སྐོར་གླེང་སྐབས་ལི་དབྱི་ཉིང་གིས། མིག་སྔར་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་དཀའ་གནད་ཆེན་པོ་གཉིས་འཕྲད་པ་སྟེ། གཅིག་ནི་ཁེ་ལས་སྒོ་བརྒྱབ་པས་ལས་བཟོ་བ་ལས་ཀ་ཤོར་བ་དེ་ཡིན་པ་དང་། “ཀྲུང་དབྱང་གི་ད་ལྟའི་སྲིད་ཇུས་ནི་བཏོན་ཟིན་པ་སྟེ། གྱོང་གུན་ཕོག་པའི་ཁེ་ལས་གསོ་བ་ལས་ལས་བཟོ་གསོས་ན་ཡག་པ་ཡོད། རྒྱུ་མཚན་ནི་ལས་བཟོའི་འཚོ་བར་རྟེན་ས་བྱུང་ན་གསོ་སྦྱོང་བརྒྱུད་ལས་གནས་གསར་པ་ཞིག་སླར་ཡང་འཚོལ་ཆོག་པ་དེ་རེད” དཀའ་གནད་གཉིས་པ་ནི་ཞན་ཆ་གསབ་རྒྱུ་དེ་ཡིན་པ་དང་། ཞན་ཆ་གསབ་པར་ངེས་པར་དུ་གསར་གཏོད་བྱེད་དགོས་ལ་ངེས་པར་དུ་གྲུབ་ཆའི་ཐད་ལ་ལེགས་སྒྲིག་ཅུང་ཟད་ཀྱང་བྱེད་དགོས། “དཀའ་གནད་ཡོད་ཀྱང་དཀའ་གནད་དེ་དག་ཁྱད་བསད་བྱ་རྒྱུར་ང་ཚོར་ཡིད་ཆེས་ཡོད”ཅེས་ལི་དབྱི་ཉིང་གིས་གསུངས།
         མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ།
         ན་ནིང་ཐོན་པའི་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་བརྟན་པོ་མེད་པ་དང་ཕྱི་དངུལ་གྲབས་གསོག་བྱེད་ཉུང་དུ་ཕྱིན་པའི་གནད་དོན་ལ་དམིགས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་དབྱི་ཀང་གིས་མི་དམངས་ཤོག་སྒོར་གྱི་མང་བསྡུས་དངུལ་ལོར་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་མུ་མཐུད་འཛའ་ཐང་ཆག་པའི་རྨང་གཞི་མེད་ཅེས་གསུངས།
         “དུས་ཡུན་རིང་འབྲིང་གི་གནས་ཚུལ་ལ་བལྟས་ན། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་སྔོན་དཔག་དེ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རེད”དབྱི་ཀང་གིས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་འབྲིང་ཙམ་དང་མཐོ་ཙམ་གྱི་གནས་བབ་རྒྱུན་འཁྱོངས་ཐུབ་རྒྱུར་འགྱུར་ལྡོག་མེད་པ་དང་། རང་རྒྱལ་གྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་དང་རྒྱུ་རྐྱེན་གཙོ་བོ་ཧྲིལ་པོའི་ཐོན་སྐྱེད་བྱེད་ཚད་ཀྱང་བརྟན་པོའི་ངང་མཐོ་རུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱི་རྒྱུན་གཏན་གྱི་རྣམ་གྲངས་དང་ལྷག་པར་དུ་དངོས་ཟོག་ཉོ་ཚོང་ཐད་ད་དུང་ཧེ་བག་ཧ་ཅང་ཆེན་པོ་འཛོལ་ནས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་པ་དང་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་གཉིས་ཀ་བརྟན་པོའི་ཁྲོད་འཕར་བས་ཕྱི་དངུལ་གྲབས་གསོག་སྔར་བཞིན་འདང་ངེས་ཡོད་ཅེས་གསུངས།
         དབྱི་ཀང་གིས། ན་ནིང་གི་ཕྱི་དངུལ་གྲབས་གསོག་དེ་2014ལོའི་ལོ་མཇུག་ལས་ཨ་སྒོར་དུང་ཕྱུར་5000ཙམ་ཆག་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི“ཕྱི་དངུལ་དོ་དམ་ལམ་ལུགས་ལྷུག་ཏུ་བཏང་བ”ཞེས་པ་དེ་སྤྱད་ནས་འགྲེལ་བཤད་རྒྱག་ཆོག འདས་ཟིན་པའི་ལོ་གཉིས་ནང་སྔོན་དཔག་ལ་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་རང་རྒྱལ་གྱི་ཁེ་ལས་དང་ཁྱིམ་ཚང་གི་བུན་ཟུག་རེའུ་མིག་ལེགས་སྒྲིག་བྱེད་པར་ཨ་སྒོར་གྱི་རྒྱུ་ནོར་ཆ་ཤས་ཤིག་འཕར་སྒྱུར་བྱེད་དགོས་ལ་ཨ་སྒོར་གྱི་བུ་ལོན་ཆ་ཤས་ཤིག་ཀྱང་འཇལ་དགོས། དངུལ་ཁང་དངུལ་རྩའི་སྒྲིག་གཞིས་ཀྱང་ཁྲོམ་རའི་དགོས་མཁོར་གཞིགས་ནས་ཕྱི་རྒྱལ་དངུལ་འགྲུལ་གྱི་དངུལ་འབོར་ཆ་ཤས་ཤིག་འཕར་སྒྱུར་བྱེད་དགོས་ལ། ཁེ་ལས་ཀྱིས་ད་དུང་ཕྱི་བུན་ཆ་ཤས་ཤིག་འཇལ་དགོས་པ་དེ་ཐོག་ནས་མངོན་པ་ནི་གཞུང་ཕྱོགས་ཕྱི་དངུལ་གྲབས་གསོག་ཅུང་ཆག་པས་རེད། གཞན་ཡང་། ན་ནིང་ཁེ་ལས་དང་མི་སྒེར་གྱི་རྒྱལ་མཚམས་འགལ་ནས་ཕྱི་དངུལ་ཨ་སྒོར་དུང་ཕྱུར་2400ལྷག་ཙམ་གཏོང་སྤྲོད་བྱས་པ་དེའི་ནང་ཕྱི་རྒྱལ་ལ་ཐད་ཀར་མ་འཇོག་བྱས་པ་དང་དེ་བཞིན་ཕྱི་རྒྱལ་དུ་འཛད་སྤྱོད་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འགྲོ་སོང་སོགས་ཚུད་ཡོད་ཅེས་གསུངས།
         མིག་སྔར་གྱིན་སྒྱུར་བའི་ཤིང་ཏོག་བིལ་པ་དང་སྲིང་བལ་ཐོན་སྐྱེད་བྱས་ནས་ཁྲོམ་རར་འདོན་ཆོག་པ།
         སྤྱི་ཚོགས་ཐོག་གི་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གྱིན་སྒྱུར་བའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཁྲེན་ཞིས་ཝུན་གྱིས། རང་རྒྱལ་གྱིས་ཞིང་ལས་ཀྱི་གྱིན་སྒྱུར་བའི་ལག་རྩལ་ཞིབ་འཇུག་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་དགོས་པ་དང་། བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁྱབ་གདལ་གཏོང་རྒྱུར་ཡིད་གཟབ་བྱེད་དགོས་པ། ཚོང་ཟོག་ཅན་དུ་བསྒྱུར་ནས་ཐོན་སྐྱེད་དང་ཁྲོམ་རར་འདོན་རྒྱུའི་གྱིན་སྒྱུར་བའི་ཞིང་ལས་ཐོན་རྫས་གང་རུང་ཞིག་ཚད་ལྡན་གྱི་ཚན་རིག་གི་ཞིབ་དཔྱད་ཚད་ལེན་བྱེད་དགོས། བདེ་འཇགས་འགན་ལེན་བྱུང་རྗེས་གཞི་ནས་ཁྲོམ་རར་འདོན་ཆོག མིག་སྔར་ཀྲུང་གོ་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་ཚོང་ལས་རང་བཞིན་གྱི་ཐོན་སྐྱེད་དང་ཁྲོམ་རར་བཏོན་པའི་ཞིང་ལས་ཐོན་རྫས་ཀྱི་གྱིན་སྒྱུར་བའི་ལག་རྩལ་ཁག་གཉིས་ཡོད་པ་སྟེ། སྲིང་བལ་དང་ཤིང་ཏོག་བིལ་པ་རེད། སྤྱི་ཚོགས་ཐོག་རྒྱུག་པའི་ཀྲོ་མ་ཀྲུའུ་དང་། སུར་པན། ཞོག་ཁོག་སྨུག་མདོག་སོགས་ཚང་མ་གྱིན་སྒྱུར་བའི་ཐོན་རྫས་མིན། གཞན་ཡང་། རྒྱལ་ཁབ་ཀྱིས་ད་དུང་གྱིན་སྒྱུར་བའི་ཞིང་ལས་ཐོན་རྫས་གང་རུང་ཞིག་ཁྲོམ་རར་བཏོན་པའམ་ཡང་ན་གྱིན་སྒྱུར་བའི་ཞིང་ལས་ཐོན་རྫས་ཀྱིས་ལས་སྣོན་རྒྱུ་ཆ་བྱས་པའི་བཟའ་བཅའ་ཁྲོམ་རར་འདོན་དགོས་ན། དེའི་ཐོག་གྱིན་སྒྱུར་བའི་ཞིང་ལས་ཐོན་རྫས་ཡིན་ཞེས་གསལ་བཤད་བྱས་ནས་འཛད་སྤྱོད་པའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་གདམ་གསེས་བྱེད་དབང་འགན་ལེན་གང་ལེགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་གནང་།
         ཁྲེན་ཞིས་ཝུན་གྱིས“མིག་སྔའི་གནས་ཚུལ་ལ་བལྟས་ན། ས་ཁུལ་ཁག་གཅིག་དང་ས་གནས་འགར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་མེད་པའི་གྱིན་སྒྱུར་བའི་ཞིང་ལས་ཐོན་རྫས་ཀྱི་སོན་ཁྲོམ་རར་བཏོན་པ་དང་ས་ཞིང་ཐོག་ཏུ་འདེབས་འཛུགས་ཀྱང་བྱས་པའི་གནས་ཚུལ་ཐོན་ཡོད། དེར་བརྟེན་སྲིད་གཞུང་གིས་གནས་ཚུལ་དེ་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་གསུངས། མི་དམངས་དུང་ཕྱུར་མང་པོའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་དེ་དག་ལ་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ནན་པོ་ཁུར་ཚེ་བཟའ་བཅའི་བདེ་འཇགས་འགན་ལེན་ཐུབ་པའི་རྨང་གཞིའི་ཐོག་གཞི་ནས་ཡིད་གཟབ་ངང་ཁྱབ་གདལ་གཏོང་ཐུབ།