མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་
ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་06ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་དམངས་གཙོ་རྒྱལ་འཛུགས་ལྷན་
ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གཏན་འཁེལ་བྱས་པའི་མཛད་ཇུས་ཆེན་པོའི་བྱེད་ཕྱོགས་ཤིག་ཡིན་པས་ངེས་པར་དུ་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ངང་སྲ་བརྟན་དུ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ངང་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་འགྱུར་ལྡོག་བྱུང་མེད་པ་དང་། ང་ཚོས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། ང་ཚོས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱིར་ཁོར་ཡུག་བཟང་པོ་གཏོད་པ་དང་གོ་སྐབས་དེ་བས་མང་བ་སྤྲོད་རྒྱུར་གཞོལ་བའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། དུས་ཡུན་རིང་པོའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་ཆགས་ནས་རྒྱལ་ཁབ་འཛུགས་སྐྲུན་དང་། རྒྱལ་སྲུང་བདེ་འཇགས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ཀྱི་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་དང་དེ་ནི་མི་དམངས་ཡོངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་དེ་ཉིད་འཕེལ་རྒྱས་ཡག་པོ་བཏང་ནས་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ཆེད་མུ་མཐུད་ལེགས་སྐྱེས་འབུལ་དགོས་ཀྱི་རེད། ང་ཚོས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་ནན་བཤད་བྱས་པ་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་དང་འགལ་ཟླ་མིན་པར་ཟུང་འབྲེལ་དམ་ཟབ་ཐུབ་པ་ཞིག་རེད། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་ཀ་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྤེལ་རེས་བྱེད་པ་ཞིག་ཡིན་པ་ལས་ཕན་ཚུན་ཁས་མི་ལེན་པ་དང་ཕན་ཚུན་ཐོད་གཏུག་བྱེད་པ་ཞིག་མིན།
     ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ཐད་ཀྱི་རང་རེའི་ཏང་གི་ལྟ་བ་གསལ་སྟོན་དང་སྔར་རྒྱུན་བཞིན་ཡིན་པ་མ་ཟད། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་ཞིག་དང་སྔར་ནས་ད་བར་གཡོ་འགུལ་བྱུང་མེད། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་ཀ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། 
          རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱས་ནས་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་ཐོག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ནུས་པ་འཕེལ་བར་བྱེད་ཀྱི་ཡོད། དྲང་གཞག་ལྟེ་བར་བྱེད་པའི་རྩ་དོན་གྱི་ཐོན་དབང་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་རང་བྱུང་མིའི་རྒྱུ་ནོར་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། ལྷག་དོན་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་ཐོག་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཁྲོམ་རར་འཇུག་འཐུས་དང་འདྲ་མཉམ་འཕེལ་རྒྱས་ཀྱི་སྒྱུར་བཅོས་བྱ་ཐབས་མང་པོ་ཞིག་བཏོན་ཡོད་པ་དང་དེ་རྗེས་ང་ཚོས་གཅིག་རྗེས་གཉིས་མཐུད་ངང་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་ཁག་མང་པོ་བཏོན་ཡོད་པས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་སྲིད་ཇུས་མ་ལག་ཆགས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་སྔར་བྱུང་མྱོང་མེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དེར་བརྟེན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ནས་འགོ་བཙུགས་ཏེ་སྲིད་ཇུས་བྱ་ཐབས་ཞིབ་ཕྲ་དང་ཚད་མཐུན་ཡོང་བ་དང་འབྲེལ་ཡོད་ལྷན་སྦྱར་བྱ་ཐབས་བཟོས་ནས་སྲིད་ཇུས་ཁག་དྲིལ་བསྒྲགས་དང་། ཞིབ་ཕྲ། དོན་འཁྱོལ་བཅས་ཐུབ་པ་བྱས་ཏེ་སྲིད་ཇུས་ཁྲོད་ནས་དམངས་གཉེར་ཁེ་ལས་ལ་ཕན་པ་ཐོབ་སེམས་ཆེ་རུ་དངོས་འབྲེལ་གཏོང་དགོས།
          ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ནི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་རེད། རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་རང་ངོས་སློབ་སྦྱོང་དང་། རང་ངོས་སློབ་གསོ། རང་ངོས་ཆུ་ཚད་མཐོར་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་སྤྱི་ཚོགས་གཟུགས་བརྙན་ལ་གཅེས་འཛིན་ལྡབ་བརྒྱ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས། “ཁྲིམས་སྲུང་ཡིད་རྟོན་དང་ཡིད་ཆེས་བརྟན་གཏོང”གཙོ་གནད་དུ་བྱེད་པའི་ཕུགས་བསམ་དད་སེམས་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ཏེ་རྒྱལ་གཅེས་ལས་བརྩོན་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་གཟོ་བཅས་ཀྱི་དཔེ་སྟོན་པ་ཞིག་བྱས་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ལག་ལེན་ཁྲོད་མི་ཚེའི་བྱ་གཞག་གི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་གཟི་བརྗིད་བྱ་གཞག་དང་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ཕྱུག་པོ་ཆགས་དུས་འབྱུང་རྩ་དྲན་པ་དང་འོས་འགན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་བྱས་ནས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་དགོས།
         ཞིས་ཅིན་ཕིང་གིས་སྲིད་འཛིན་བཟོ་ཚོང་གི་འབྲེལ་བ་གསར་པ་ཞེས་པ་ནི་མདོར་བསྡུར་ནས་བརྗོད་ན“ལྷག་བསམ་རྣམ་དག”དང“སྤྱོད་གཙང”ཡིག་འབྲུ་གཉིས་ལས་མཚོན་གྱི་ཡོད། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན“ལྷག་བསམ་རྣམ་དག”ཅེས་པ་ནི་ལྷག་བསམ་རྣམ་དག་ངང་དམངས་གཉེར་ཁེ་ལས་དང་འབྲེལ་གཏུག་སྤེལ་རེས་བྱེད་པ་དང་ལྷག་དོན་དུ་དམངས་གཉེར་ཁེ་ལས་ལ་དཀའ་ངལ་དང་གནད་དོན་འཕྲད་སྐབས་དེ་བས་རྒྱབ་སྐྱོར་ཧུར་ཐག་དང་ཉེ་བཅར་ཞབས་འདེགས་ཞུས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་དོ་ཁུར་དང་། གླེང་མོལ། ཁྲིད་སྟོན་བཅས་མང་ཙམ་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་རེད། “སྤྱོད་གཙང”ཞེས་པ་ནི་དམངས་གཉེར་ཁེ་ལས་མཁས་ཅན་དབར་གྱི་འབྲེལ་བ་གསལ་པོ་དང་གཙང་མ་ཡོང་བ་བྱས་ནས་འདོད་སེམས་སྒེར་སེམས་དང་། དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ། དབང་དངུལ་བརྗེ་ཚོང་བཅས་བྱེད་མི་རུང་ཞེས་པ་དེ་རེད། དམངས་གཉེར་ཁེ་ལས་མཁས་ཅན་གྱི་ངོས་ནས་བརྗོད་ན། “ལྷག་བསམ་རྣམ་དག”ཅེས་པ་ནི་རང་འགུལ་ངང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་སྡེ་ཚན་དང་འབྲེལ་གཏུག་སྤེལ་རེས་མང་ཙམ་བྱས་ནས་སྐད་ཆ་བདེན་པ་ཤོད་པ་དང་། གནས་ཚུལ་ངོ་མ་ཞུ་བ། འཐབ་ཇུས་བཟང་པོ་འདོན་པ་བཅས་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། “སྤྱོད་གཙང”ཞེས་པ་ནི་རང་ངོས་སྤྱོད་གཙང་ཡོང་བ་དང་དྲང་གཞག་སྲུང་ནས་སྒྲིག་བཀུར་ཁྲིམས་སྲུང་གིས་ཁེ་ལས་གཉེར་བ་དང་ཁ་གསལ་གཞུང་དྲང་གིས་གཉེར་སྐྱོང་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་མཛུབ་སྟོན་གནང་བ་རེད།