མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་ཕྱི་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འཚོགས་ཡུན་ཉིན་བཅུ་གྲངས་ནང་སྲིད་གྲོས་ཨུ་ཡོན་2100ལྷག་ཙམ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་འབྲེལ་ཡོད་སྙན་སྒྲོན་ལ་དམ་པོར་དམིགས་ནས་འགན་ནུས་ནན་ཏན་བསྒྲུབས་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཧྥུང་། ཁྲེན་ཡོན། ལུའུ་ཀྲེན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེན་ཝུའེ། མ་པེའོ། ཆི་ཤུས་ཁྲུན། ཁྲེན་ཤའོ་ཀོང་། མ་ཧྥེ་ཧྭ། ལིའུ་ཤའོ་ཧྥུང་། ཝང་ཆིན་མིན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
           ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ནས་ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
           རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཨུ་ཡོན་2214ཕེབས་དགོས་པ་དང་དངོས་སུ་ཕེབས་མཁན་2136ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཕྱི་དྲོའི་ཆུ་ཚོད་གསུམ་པར་ཏུའུ་ཆིང་ལིན་གྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བཏང་བ་རེད། དང་ཐོག་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
           ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།
           ཡུས་ཀྲེང་ཧྲེང་གིས་ཕྱོགས་བརྒྱད་ཀྱི་ཐོག་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་2015ལོ་ནི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་འགག་རྩའི་ལོ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་འགོ་ཚུགས་ཀྱི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་བྱ་གཞག་གསར་འབྱེད་འབད་འབུངས་དང་གསར་གཏོད་འཕེལ་རྒྱས་ཀྱི་ལོ་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་བསམ་བློ་དང་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་སྲིད་གྲོས་ལས་དོན་ལ་ཞིབ་འཇུག་ཐེངས་མང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་དང་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་བཏོན་པ་མ་ཟད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་འཚོགས་ཏེ་《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་འབྲེལ་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་དང་མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། འགན་ནུས་ནན་ཏན་བསྒྲུབས་པ། ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པར་བརྟེན་མི་དམངས་སྲིད་གྲོས་བྱ་གཞག་ཐད་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་བ་མ་ཟད། རྣམ་པ་གསར་པ་ཡང་བཏོད་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཞིག་ཡིན་ལ། གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བླང་བྱར་གཞིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་དུ་བརྩི་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱ་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩི་བ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ། ཞན་ཆའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་སྲིད་གླེང་གི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ། དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མཐུན་སྒྲིལ་མཉམ་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་པ། བརྟག་དཔྱད་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་བསྟུན་ནས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་འབྲེལ་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་པ་དེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་པ། འབྲེལ་བ་མཐུན་སྦྱོར་དང་། བསམ་བློ་མཐུན་སྦྱོར། ཐུན་མོང་ངོས་འཛིན་ཟབ་གཏོང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
          སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཤའོ་ཀོང་གིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྙན་སྒྲོན་ཞུས་པ་རེད།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།