མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏེ་ཅང་སོགས་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྣམས་འཐུས་
མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་09ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་། ཀྲང་ཏེ་ཅང་སོགས་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྣམས་འཐུས་
མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཀྱིས་ཚེས་7ཉིན་གྱི་སྔ་དྲོ་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
          ཞིས་ཅིན་ཕིང་ཧེ་ལུང་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་འཐུས་མི་ཝང་ཤན་ཁུའེ་དང་། ལུའུ་ཧའོ། སུན་པིན། ལིའུ་ལེ། ཅང་དབན་ཁྲུན། ཀྲང་ཡུས་ཕུའུ། ཝུའུ་ཧྥུང་ཁྲེང་། ཀའོ་ཡུང་། ཝང་པོ་སོགས་འཐུས་མི་དགུ་ཡིས་སྔ་རྗེས་སུ་འཕེལ་རྒྱས་ཀྱི་ནུས་པ་བརྗེ་སྒྱུར་དང་། འབྲུ་རིགས་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། མི་འབོར་ཉུང་ཙམ་གྱི་གྲངས་ཉུང་མི་རིགས་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་མགྱོགས་མྱུར་བསྐྱོད་རྒྱུ། ཐོན་ཁུངས་རྣམ་པའི་གྲོང་ཁྱེར་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། གཙོ་གནད་ནགས་ཁུལ་དུ་ཤིང་གཅོད་མཚམས་འཇོག་པའི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུ། བཟོ་ལས་རྟེན་གཞི་རྙིང་པའི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་གསུངས་རེད། ཞིས་ཅིན་ཕིང་གིས་ནན་ཏན་ངང་གསན་པ་དང་ཟིན་ཐོ་བཀོད་གནང་བ་དང་འབྲེལ་ཚང་མ་དང་དགོངས་འཆར་བརྗེ་རེས་གནང་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་ལྔའི་རིང་ཧེ་ལུང་ཅང་ལ་ཐོབ་པའི་ལས་དོན་ལ་གདེང་འཇོག་གནང་རྗེས་དགེ་སྤེལ་སྐྱོན་སྤོང་དང་། དགེ་སྤེལ་ཞན་སེལ། དགེ་སྤེལ་ཞན་གསབ་བཅས་བྱས་ཏེ་ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་དེར་དམིགས་ནས་ཤུགས་རྒྱག་པ་དང་འཕེལ་རྒྱས་སྡེབ་སྒྲིག་གི་རྨང་གཞི་ཡག་པོ་བཏིང་ནས་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་དར་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད། ཞིས་ཅིན་ཕིང་གིས་བྱང་ཤར་ས་ཁུལ་དར་རྒྱས་གཏོང་རྒྱུ་སོགས་བཟོ་ལས་རྟེན་གཞི་རྙིང་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་གཙོ་གནད་དམ་འཛིན་དང་དཀའ་གནད་འགག་སྒྲོལ་བྱས་ཏེ་ཕྱོགས་ཡོངས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྤྱད་དེ་ལས་དོན་ལ་ཚད་འཇལ་དང་། བྱ་སྤྱོད་ལ་བཀོད་འདོམས། ལས་བྱེད་པར་སྦྱོང་བརྡར་སྤྲོད་པ་བཅས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཁྲོད་གོ་སྐབས་བཙལ་འཚོལ་དང་། བཀྲག་མདངས་འཚེར་ས་གཏོད་པ། ལེགས་ཆ་ཁྱབ་གདལ་གཏོང་བ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་ཁག་གི་གསར་གཏོད་གསོན་ཤུགས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འཆིང་རྒྱ་མེད་པ་བཟོ་བ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་བར་མཐོངས་འཇོག་པ་དང་བུ་རབས་ཚ་རྒྱུད་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་པ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱོགས་ཡོངས་དར་རྒྱས་ཡོང་བའི་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱེད་དགོས། ཁྲིམས་སྐྱོང་ནི་གཞི་རྩའི་བསམ་བློ་གཏོང་སྟངས་དང་ལས་ཀའི་བྱེད་ཐབས་ཤིག་ཡིན། ཁྲིམས་སྐྱོང་ཅན་གྱི་ཁོར་ཡུག་གིས་ཤེས་ལྡན་པ་དང་ནོར་ཤུགས་གཅིག་སྡུད་བྱེད་ཐུབ་ལ་འཕེལ་རྒྱས་གཏོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཐུབ། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ལས་དོན་སྒྲུབ་རྒྱུ་དང་། གནད་དོན་ཐག་གཅོད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་སྲུང་དང་། དཀའ་གནད་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་གཞི་རིམ་གྱི་ཁྲིམས་ལྟར་བཅོས་སྐྱོང་གི་ལས་དོན་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་འཛུགས་སྐྱོང་དེ་ཏན་ཏིག་གི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཐོག་བཙུགས་ནས་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་དེ་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས། རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཧུར་ཐག་བྱས་ཏེ་རྒྱུན་ཆད་མེད་པར་ལས་ཀའི་སྙིང་སྟོབས་འཕེལ་བ་བྱེད་དགོས། ལས་བྱེད་པ་ལས་བྱེད་པ་ཟེར་བ་དེ་ལས་ཀ་བྱེད་རྒྱུ་ཨང་དང་པོར་འཇོག་ཡོད། དེར་བརྟེན་ལས་ཀ་བྱེད་བསམ་པ་དང་། ལས་ཀ་བྱེད་འདོད་པ། ལས་ཀ་ཧུར་ཐག་བཅས་བྱེད་དགོས་ལ། ལས་ཀ་སྒྲུབ་ཐུབ་པ་དང་སྒྲུབ་མཁས་པོ་བྱེད་པ་བཅས་བྱེད་དགོས་པའི་ནང་ནས་ཧུར་བརྩོན་རང་བཞིན་དེ་སྔར་བཞིན་ཨང་དང་པོ་ཡིན། ཏང་རྩ་འཛུགས་ཀྱིས་ལས་བྱེད་པར་ལྟ་སྟངས་འཛིན་སྐབས་དོ་དམ་ནན་པོ་བྱེད་དགོས་ལ། སེམས་རྩ་འཁོལ་པོས་ཐུགས་ཁུར་ཡང་བྱེད་དགོས། སྤྱོད་ཚུལ་ལེགས་པ་དང་འབད་འབུངས་ཡར་བརྩོན་བྱེད་མཁན་གྱི་ལས་བྱེད་པ་སྲུང་སྐྱོབ་བྱེད་དགོས་པ་དང་ལས་དོན་སྒྲུབ་བསམ་པ་དང་། ལས་དོན་སྒྲུབ་ཐུབ་པ། འགན་ཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་རིམ་ཁག་འགོ་ཁྲིད་ཚན་ཁག་ནང་བསྐོ་བཞག་བྱེད་དགོས་ཞེས་གསུངས་པ་རེད།
          ལི་ཁེ་ཆང་ཕུའུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཡིའུ་ཆོན་དང་། ཡུས་ཝུའེ་གོ ཀྲང་ལེན་ཧྲེང་སོགས་ཀྱིས་ཐོན་ལས་རིམ་སྤོར་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་། ལི་ཁེ་ཆང་གིས་ཚང་མ་དང་ཡང་ཡང་གྲོས་བསྡུར་གནང་ཞིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ན་ནིང་ཕུའུ་ཅན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་ནི་རྩ་ཆེན་ཞིག་ཡིན། འདི་ལོའི་འཕེལ་རྒྱས་ཀྱི་ལས་འགན་རྙོག་འཛིང་དང་དཀའ་ཚེགས་ཆེ་བས། གཅིག་ནས་གཏོད་རྒྱུ་དེ་སྔོན་ལ་བཞག་ནས་མཚོ་རྒྱུད་ས་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་གསར་པ་གཏོད་དགོས་པ་དང་། གཉིས་ནས་དཀའ་གནད་ལས་སྒྲོལ་ཏེ་སྒུལ་ཤུགས་གསར་རྙིང་འབྲེལ་མཐུད་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་དགོས་པ། གསུམ་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཉམས་མྱོང་གསོག་དགོས་ཞེས་གསུངས་པ་རེད།
          ཀྲང་ཏེ་ཅང་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་ཞུའེ་ཅུན་དང་། ལི་ཅིན་པིན། ཡན་ཤ་ལའེ་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས་ཨན་ཧུའེ་ཞིང་ཆེན་ལ་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཡོངས་ལ་དོ་དམ་དང་། རྩ་བར་དོ་དམ། ཕུགས་ལ་དོ་དམ་བཅས་བྱེད་པའི་ལག་ལེན་གྱི་ཕྱོགས་སྟོན་གལ་ཆེན་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གསུམ་པ”དང་ཐ་ན་དེ་བས་ཡུན་རིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་གཏན་ཚིགས་ཆེན་པོ་དེ་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱེད་དགོས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་འབྲེལ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཐོག་ནས་འཕེལ་རྒྱས་ལ་སྣེ་ཁྲིད་དང་དཀའ་གནད་སེལ་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་མཐོ་བ། དེ་བས་གཞུང་དྲང་། དེ་བས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་ན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ཏེ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཞི་མཐུན་མཉམ་འཕེལ་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་ཐོག་ནས་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་ཐའེ་དབན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཁྲེན་ཝུའེ་ཝུན་དང་། ཁྲེན་ཅུན། ཁྲེན་ཡུན་དབྱིང་སོགས་ཀྱི་གཏམ་བཤད་གསན་རྗེས་ཡུས་ཀྲེང་ཧྲེང་གིས་ཟླ་3ཚེས་5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་ལ་ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད། ཡུས་ཀྲེང་ཧྲེང་གིས་འདས་ཟིན་པའི་ལོ་བརྒྱད་རིང་་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། ངོགས་གཉིས་ཀྱི་སྤུན་ཟླའི་མོས་སེམས་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད། གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པས་ང་ཚོས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། ལོ་འགོ་ནས་བཟུང་ཐའེ་དབན་གྱི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་མོད། འོན་ཀྱང་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གཞི་རྩའི་གནས་བབ་དང་དུས་བབ་ལ་འགྱུར་ལྡོག་ཕྱིན་མེད་པས་ང་ཚོས་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་གང་ལེགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་གིས་ཐའེ་དབན་ལ་འཛིན་པའི་མཛད་ཇུས་གལ་ཆེན་གྱི་བྱེད་ཕྱོགས་ལ་འགྱུར་ལྡོག་བཏང་མེད་ལ་ཁ་གསལ་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
          ལིའུ་ཡུན་ཧྲན་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་དབྱིན་ལི་དང་། ཧོང་ཡན་རུང་། ལུའོ་ལེང་ཆིང་སོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་སོགས་ཐད་གཏམ་བཤད་ཧུར་ཐག་གནང་ཞིང་། ལིའུ་ཡུན་ཧྲན་གྱིས་འཐུས་མི་ཚོའི་གཏམ་བཤད་གསན་རྗེས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག“ཇི་འདྲ་ལྟ་མིན”དང“ཇི་འདྲ་སྒྲུབ་མིན”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ཆེ་མོ་དང་གཏན་ཚིགས་ཆེ་མོ་རིག་པ་དྭངས་གསལ་ངང་སྟངས་འཛིན་བྱེད་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཛམ་གླིང་གི་གནས་ཚུལ“འགྱུར་བ”དང“མི་འགྱུར་བའི”གནས་ཚུལ་སྟངས་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ཕྱི་རོལ་ཡུལ་གྱི་ལྡོག་མེད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་བབ་དང་བསྟུན་ནས་དོན་གཉེར་དང་དུས་བབ་དང་བསྟུན་ནས་སྒྲུབ་དགོས་ཞེས་གསུངས་པ་རེད།
         ཝང་ཆི་ཧྲན་ཧོ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཀྲའོ་ཁེ་ཀྲེ་དང་། ཀྲང་ཆིང་ཝུའེ། ཀོ་ཅན་རེན་སོགས་ཀྱི་གཏམ་བཤད་གསན་རྗེས་ཝང་ཆི་ཧྲན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད། སྲིད་འཛིན་ཏང་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། སྤྱི་ཡོངས་ནི་ཆབ་སྲིད་ཡིན་པས་ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཡིག་ལ་སྲུང་བརྩི་ཞུ་བ་དང་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། ལྟེ་བར་སྣང་ཆེན། མིག་ལྟོས་ལ་སྣང་ཆེན་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཕེང་ཆིང་ཧྭ་དང་། ཁྲེན་ཝུའུ། ཀྲུའུ་ཞུའེ་ལན་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཀའོ་ལིས་འདས་ཟིན་པའི་ལོ་གཅིག་ནང་ཀོང་ཤིས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཀོང་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔར་བརྟེན་ནས་ཀོང་ཤིས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བྱང་རྒྱུད་མཚོ་ཁུག་གི་དཔལ་འབྱོར་ཁུལ་དང་ཀྲུའུ་ཅང་གཙང་པོ་ནས་ཤིས་ཅང་གཙང་པོའི་བར་གྱི་དཔལ་འབྱོར་ཁུལ་གྱི་སྒོ་དབྱེ་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་གཏོད་པ། ལྷོ་ནུབ་དང་དབུས་ནུབ་ས་ཁུལ་དུ་སྒོ་དབྱེའི་འཕེལ་རྒྱས་ཀྱི་གནས་གསར་པ་གཏོད་པ་བཅས་བྱས་ནས་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྦྲེལ་མཐུད་བྱེད་པའི་གནས་གལ་ཆེན་དུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།